མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དུ་འབྲི་གཡག་དང་བོད་ལུག་གསོ་སྤེལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས།
2018.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

སྲོལ་རྒྱུན་ཕྱུགས་ལས་དེང་རབས་ཕྱུགས་ལས་སུ་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ་དང་འབྲི་གཡག་དང་བོད་ལུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ།   ཞིང་ཆེན་ཡོངས་ཀྱི་འབྲི་གཡག་དང་བོད་ལུག་ཕན་མཐོའི་གསོ་སྤེལ་ལག་རྩལ་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་ཆེད།   ཞིང་ཆེན་ཕྱུགས་ལས་སྤྱིའི་ས་ཚིགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་ནས་ཟླ་བརྒྱད་པའི་ཚེས་གཉིས་ཉིན་བར་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་དུ་འབྲི་གཡག་དང་བོད་ལུག་ཕན་མཐོའི་གསོ་སྤེལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་།   མཚོ་ནུབ་ཁུལ་དང་མཚོ་ལྷོ་ཁུལ།  ཡུས་ཧྲུའུ་ཁུལ་བཅས་ནས་ཡོང་བའི་ལག་རྩལ་མི་སྣ་རེ་བཞི་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་འཛིན་གྲྭ་གྲོལ་རྗེས།   ཁུལ་དང་རྫོང་སོ་སོའི་ཕན་མཐོའི་གསོ་སྤེལ་ལག་རྩལ་འཕེལ་རྒྱས་གཏོང་བའི་འགན་ཁུར་བས་ས་ཁུལ་སོ་སོའི་ཕན་མཐོའི་གསོ་སྤེལ་ལག་རྩལ་གྱི་གཞི་རྩའི་གནས་ཚུལ་དང་བྱེད་ཐབས་གཙོ་བོ།  བླངས་པའི་ཕན་འབྲས།   དེ་མིན་གནས་པའི་གནད་དོན་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཁ་ཕྱོགས་སོགས་ཐད་ནས་བརྗེ་རེས་གཏམ་བཤད་སྤེལ།

ཐེངས་འདིའི་གསོ་སྦྱོང་གིས་འབྲེལ་ཡོད་ཆེད་མཁས་པ་གདན་ཞུ་བྱས་ཏེ་བོད་ལུག་གསོ་སྤེལ་དང་གཟན་ཆས་སྦྱོར་ཐབས། འབྲི་གཡག་དོ་དམ་ལག་རྩལ།   འབྲི་གཡག་གི་རིམས་འགོག་བརྒྱུད་རིམ།   དཔལ་འབྱོར་ཕན་ནུས་སོགས་ཐད་ནས་སློབ་ཁྲིད་བྱས་ཏེ་གྲུབ་འབྲས་མངོན་གསལ་བླངས།

ཐེངས་འདིའི་གསོ་སྦྱོང་གིས་ཞིང་ཆེན་ཡོངས་ཀྱི་འབྲི་གཡག་དང་བོད་ལུག་ཕན་མཐོའི་གསོ་སྤེལ་ལག་རྩལ་མི་སྣས་ཕན་མཐོའི་གསོ་སྤེལ་ལག་རྩལ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་བ་དང་ལས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ལ།   ལྷག་པར་དུ་སྤུན་ཟླའི་ཁུལ་དང་རྫོང་སོ་སོའི་གསོ་སྤེལ་ཉམས་མྱོང་བཟང་བོ་བརྗེ་རེས་བྱས་པས་མཚོ་སྔོན་ཞིང་ཆེན་གྱི་ཕན་མཐོའི་གསོ་སྤེལ་ལག་རྩལ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱས།