ཐེམ་ཆེན་རྫོང་གིས་ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་བསྒྱུར་བྱེད་པའི་ལྟེ་གནས་ཁྱིམ་ཚང་བདམས་ནས་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཐད་ནས་གྲུབ་འབྲས་བླངས།
2018.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ད་ལོའི་ཚུན་དུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་གནད་ཕིགས་དབུལ་སྐྱོར་བྱ་བར་ཟུང་འབྲེལ་བྱས་ནས། ཏང་ཡོན་གྱི་ཕྱུག་བསྒྱུར་དཔེ་སྟོན་སྣེ་ཁྲིད་དང་ཟམ་ཐག་གི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་བཏང་བ་དང་། ཏང་ཡོན་གྱིས་སྣེ་ཁྲིད་དེ་ཕྱུག་པོར་བསྒྱུར་བའི་ལྟེ་གནས་ཁྱིམ་ཚང་འདེམས་བསྐོ་བྱས་པ་བརྒྱུད་དེ། དབུལ་ཕོངས་ཁྱིམ་ཚང་ལ་ལས་གཞི་འཆར་འགོད་བྱེད་པ་དང་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། ལས་ཞུགས་གསར་སྐྲུན་བྱེད་པ། ཕྱུག་བསྒྱུར་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པ་སོགས་ཕྱོགས་ནས་རོགས་རམ་བྱས།

ཞང་དང་གྲོང་རྡལ་རེ་རེ་ནས་ཉུང་མཐར་ཡང་ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་གཅིག་བདམས་ནས། ཏང་ཡོན་གྱིས་ལས་སྐྲུན་བྱེད་པར་བརྟེན་ནས་ཕྱུག་བསྒྱུར་ལ་སྣེ་ཁྲིད་དང་རོགས་འདེགས་བྱེད་པའི་ཕན་འབྲས་མཐོར་འདེགས་བྱས། མཉམ་ལས་ཁང་ལ་ཞུགས་མེད་པའི་དབུལ་ཕོངས་ཁྱིམ་ཚང་ཐད་ནས། ཁྱིམ་ཚང་དུ་སོང་ནས་མཉམ་ལས་ཁང་ལ་ཞུགས་པའི་དགོས་ངེས་རང་བཞིན་དྲིལ་སྒྲོག་བྱས་པ་བརྒྱུད་དེ། དབུལ་ཕོངས་ཁྱིམ་ཚང་གིས་རྩྭ་ར་དང་ཕྱུགས་ཟོག་མཉམ་ལས་ཁང་ལ་མ་རྐང་དུ་འཇོག་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་རྣམ་པ་བསྒྱུར་བར་སྐུལ་སློང་བྱས། ཐོན་སྐྱེད་ཐོན་ཁུངས་དཀོན་ན་ཡང་ངལ་རྩོལ་ནུས་པ་ངེས་ཅན་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ཐད་ནས། ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་གིས་དབུལ་ཕོངས་ཁྱིམ་ཚང་བར་མི་བཀོལ་གྲོས་མཐུན་བཀོད་དེ་ལས་ཞུགས་ལས་རྐང་འདོན་སྤྲོད་བྱས་ནས། དབུལ་ཕོངས་ཁྱིམ་ཚང་ལ་རྒྱུན་དུ་ལས་ཀ་ཡོད་པར་འགན་སྲུང་བྱས། ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་ལ་རྒྱབ་རྟེན་པ་དང་། དབུལ་ཕོངས་ཁྱིམ་ཚང་གི་དགོས་མཁོ་ལ་ཟུང་འབྲེལ་བྱས་ཏེ། གཙོ་བོར་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་དང་ནོར་ལུག་ཚོན་གསོ་ལག་རྩལ། དོ་དམ་དང་བདག་གཉེར་ཤེས་བྱ། བོད་ཀྱི་གྱོན་ཆས་ལས་སྣོན་སོགས་དངོས་བཀོལ་ལག་རྩལ་ཐད་ཀྱི་གསོ་སྦྱོང་སྤེལ་ནས། དབུལ་ཕོངས་ཁྱིམ་ཚང་གི་དབུལ་ཐར་རྩོལ་ནུས་ཇེ་དྲག་ཏུ་བཏང་། ཁོམ་ལོང་ཡོད་པའི་སྐབས་སུ། ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་དུས་ལྟར་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས། ཐོན་སྐྱེད་དང་ལག་རྩལ་ཐད་ནས་མཛུབ་སྟོན་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་གིས་འཕེལ་རྒྱས་བསམ་ཕྱོགས་གཏན་ཁེལ་བྱེད་པ་དང་འཕེལ་རྒྱས་ཀྱི་འཆར་གཞི་གཏན་འབེབས་བྱེད་པར་རོགས་རམ་བྱས།

འཕེལ་རྒྱས་ཀྱི་རྨང་གཞི་ངེས་ཅན་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་ལ། ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་གིས་རང་སྟེང་གི་ཐོན་ལས་དགེ་མཚན་ལ་རྒྱབ་རྟེན་ནས། དབུལ་ཕོངས་ཁྱིམ་ཚང་དེ་ཐོན་ལས་སྦྲེལ་ཐག་ཁྲོད་འཇོག་པ་དང་། ཉོ་བསྡུ་དང་དོ་དམ་ཕྱིར་འཚོང་གིས་འགན་ཁུར་ནས།  དབུལ་ཕོངས་ཁྱིམ་ཚང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་སྣེ་ཁྲིད་བྱས་པ་དང་། ཐོན་ཁུངས་དང་མ་དངུལ་མཉམ་བསྲེས་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་བ་དང་། འོ་ཞོ་ལས་སྣོན་བཟོ་གྲྭ་དང་བོད་ཀྱི་གྱོན་ཆས་ལས་སྣོན་བཟོ་གྲྭ ནོར་ནག་གསོ་སྤེལ། གོ་དམར་གཅུས་རིས་མའི་ལས་སྣོན་བཟོ་གྲྭ་སོགས་ཕན་འབྲས་བཟང་ཞིང་ཁྱབ་གདལ་དུ་བཏང་ཆོག་པའི་ཁྱད་ལྡན་ཐོན་ལས་སྐོར་ཞིག་སྐྱེད་སྲིང་བྱས།

མིག་སྔའི་བར་དུ། ཐེམ་ཆེན་རྫོང་གིས་ཏང་ཡོན་སྣེ་ཁྲིད་ཕྱུག་བསྒྱུར་ལྟེ་གནས་ཁྱིམ་ཚང་བཅོ་ལྔ་འདེམས་བསྐོ་བྱས་པ་དང་། དབུལ་ཕོངས་ཁྱིམ་ཚང་ལ་རོགས་བྱས་ནས་འཕེལ་རྒྱས་ཀྱི་འཆར་གཞི་ཞེ་བདུན་བཟོས་ལ། ངལ་རྩོལ་པ་ལྷག་མ་ཉིས་བརྒྱ་དང་ཉེར་གཅིག་ལས་ཞུགས་བྱེད་དུ་བཅུག་པ་དང་། དབུལ་ཕོངས་ཁྱིམ་ཚང་བཅུ་དགུ་ལ་འཚམས་འདྲི་དང་རོགས་རམ་བྱས་པ་མ་ཟད། མ་དངུལ་དང་དངོས་ཟོག་བསྡོམས་པས་སྒོར་འབུམ་གཉིས་དང་ཁྲི་དགུ་སྟོང་བཞི་ལྷག་གིས་རོགས་སྐྱོར་བྱས།