རྨ་ལྷོ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་གནད་འཁེལ་དབུལ་སྐྱོར་གཟིགས་ཞིབ་ཚོགས་པས་རྨ་ལྷོ་ཁུལ་སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟིར་ཡུལ་དངོས་གཟིགས་ཞིབ་བྱས།
2018.08.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 139

        རང་རེ་ལས་ཁུངས་ཀྱི་གསར་འགོད་པ་ལྷ་བརྟན་ཚེ་རིང་ནས་བཀོད་པའི་གསར་འགྱུར།      

སྤྱི་ལོ་2018ལོའི་ཟླ8པའི་ཚེས7ཉིན།  མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ།  རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་གཙོ་བོ་དང་། རྨ་ལྷོའི་རྫོང་ཁག་བཞིའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་གཙོ་བོ་སོགས་བཅས་ཀྱིས་གྲུབ་པའི་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་དང་དབུལ་ཐར་འགག་སྒྲོལ་གྱི་ཡུལ་དངོས་གཟིགས་ཞིབ་ཚོགས་པའི་མི120ལྷག་ཐུན་རིན་རྫོང་དུ་ཕེབས་ཏེ།  ཡུལ་དངོས་སུ་གནད་འཁེལ་དབུལ་སྐྱོར་དང་ཐོན་ལས་འཕེལ་རྒྱས་གཞིར་བཞག་སྒོས།  རྨ་ལྷོ་ཁུལ་ཐུན་རིན་རྫོང་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་ལས་ཀྱི་བྱེད་ནུས་དང་འཛུགས་སྐྲུན་གནས་ཚུལ། རྨ་ལྷོ་ཁུལ་ཐུན་རིན་རྫོང་གི་ཁེ་ལས་དང་འཁོར་བསྐྱོད་གནས་ཚུལ།  ཐུན་རིན་རྫོང་ཞིང་ཆེན་རིམ་པའི་གནད་འཁེལ་དབུལ་སྐྱོར་ཐོན་ལས་གླིང་གི་གཞི་རྩའི་གནས་ཚུལ་བཅས་ལ་གཟིགས་ཞིབ་དང་། ཐུན་རིན་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲུབ་འབྲས་ཉམས་སུ་མྱང་།

  རྨ་ལྷོ་ཁུལ་སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟི་ནི་༢༠༡༠ལོའི་ཟླ༤པར་བཙུགས་ཤིང་།   ཀུང་ཟིའི་སྤྱིའི་རྒྱ་ཁྱོན་ལ་མུའུ༢༠དང་།སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༣༩༥༤ཡོད་པ་དང་།   འཆར་གཞིའི་མ་རྩ་སྒོར་ཁྲི༡༥༠༠བཟོས་ཡོད་པ་ལས།མིག་སྔའི་མ་འཇོག་ལ་སྒོར་ཁྲི༥༩༩ཡོད།

    ཀུང་ཟིའི་ཁྲིམས་མིའམ་སྤྱི་གཉེར་བ་སྐལ་བཟང་ཚེ་རིང་ལགས་ནི་སྤྱི་ལོ༡༩༦༧ལོའི་ཟླ༥བར་རེབ་གོང་རྫོང་གཉན་ཐོག་ཞང་རྐ་སར་རི་སྟག་སྡེ་བར་སྐྱེས་ཤིང་།སྤྱི་ལོ༡༩༧༥ལོ་ནས་བཟུང་ཕ་ཡུལ་གྱི་སློབ་གྲྭར་ཞུགས།སློབ་འབྲིང་མཐར་ཕྱིན་རྗེས་མིང་དུ་གྲགས་པའི་ལྷ་རིས་སྒྱུ་རྩལ་པ་རིན་ཆེན་དང་རྒྱ་མཚོ།ཀུན་བཟང་།ཤ་བོ་སྐྱབས་སོགས་སློབ་དཔོན་དུ་བསྟེན་ཏེ་མགོ་ཐིག་རྩ་ནས་བཟུང་རིམ་བཞིན་ལྷ་རིས་སྒྱུ་རྩལ་གྱི་ཕྱོགས་ལ་ཧུར་ཐག་གིས་སྦྱངས་པ་མཐའ་འཁྱོལ་བྱས་ཏེ། ལྷ་རིས་འབྲི་བཞེངས་ལག་རྩལ་ལ་བྱང་བ་དང་རང་རྐྱ་འཕེར་བའི་སྒོ་ནས་རྟེན་བཞེངས་ཀྱི་ལས་ལ་ཞུགས།

དུས་ད་ལྟ་སྤྱི་གཉེར་བ་སྐལ་བཟང་ཚེ་རིང་ནི་མཚོ་སྔོན་ཞིང་ཆེན་རི་མོའི་མཐུན་ཚོགས་ཀྱི་ཚོགས་མི་དང་།མཚོ་སྔོན་ཞིང་ཆེན་རིམ་པའི་རིམ་པ་དང་པོའི་དམངས་ཁྲོད་མཛེས་རྩལ་སློབ་དཔོན་ཆེན་མོ།མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་ལས་རེབ་གོང་སྒྱུ་རྩལ་འཇིམ་བརྙན་གྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ།རྨ་ལྷོ་ཁུལ་རེབ་གོང་རིག་གནས་མཐུན་ཚོགས་ཀྱི་ཚོགས་མི། རྨ་ལྷོ་ཁུལ་རེབ་གོང་རིག་གནས་མཐུན་ཚོགས་གསལ་འབྱེད་ལྟེ་གནས་ཀྱི་རེབ་གོང་སྒྱུ་རྩལ་ལས་འབག་བཟོ་གསར་འབྱེད་ཆེད་མཁས་པ་དང་།རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་བོད་ཀྱི་སྲོལ་རྒྱུན་བཟོ་རིག་ཆེད་ལས་ཀྱི་གདན་ཞུའི་དགེ་རྒན་བཅས་ཡིན།

རྨ་ལྷོ་ཁུལ་རེབ་གོང་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟིར་ད་ལྟ་ལས་བཟོ་བ༡༣༠ལྷག་ཡོད་པ་དང་། དེ་ཚོ་ནི་ཕ་ཡུལ་རེབ་གོང་དང་གཅན་ཚ།  རྩེ་ཁོག་སོགས་ནས་ཐོན་པའི་ཁྱིམ་གྱི་ཆ་རྐྱེན་ཞན་ཞིང་།བོད་ཀྱི་རིག་གནས་དང་རེབ་གོང་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་ལས་མི་དག་ཡིན་པ་མ་ཟད།ལོ་འགའི་ཧུར་བརྩོན་བརྒྱུད་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ལག་ཤེས་དང་དེང་རབས་ཀྱི་བཟོ་རྩལ་སོགས་ལ་མཁས་པའི་ལས་མིར་གྱུར་ཡོད་པས།ཀུང་ཟིའི་མིག་སྔའི་ལས་གཉེར་ཁྱབ་ཁོངས་ལ་འཇིམ་སྐུ་གཙོ་བྱས་ཟངས་སྐུ་དང་ཤེལ་ལྕགས་སྐུ་གཟུགས།གསེར་དངུལ་ལས་སྣོན།ཤིང་བརྐོས་དང་རྡོ་བརྐོས་སོགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་།དུས་མཚུངས་སུ་བོད་ཀྱི་ལྷ་ཁང་དང་མཆོད་རྟེན།ཐང་ཆེན་དང་མགྲོན་ཁང་སོགས་ཀྱི་ཚོན་རིས་དང་རྒྱན་རིས་མཛེས་བཟོ་སོགས་བྱེད་བཞིན་མཆིས།

དེ་ཡང་ལོ་འདི་འགའི་རིང་ཀུང་ཟིས“ཀུང་ཟི + རྟེན་གཞི + དུད་ཚང་དབུལ་བོ”རྣམ་པའི་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱེད་བཞིན་མཆིས་པ་དང་།མཐའ་འཁོར་གྱི་གྲོང་ཚོའི་ཁྱིམ་ཚང་༡༣༠དང་ཁྱིམ་མི༦༢༩ལྷག་ལ་དབུལ་སེལ་རོགས་སྐྱོར་གནང་སྟེ།མིག་སྔར་དུད་ཚང་༡༢༩ལ་དབུལ་སྒྲོལ་རོགས་རམ་བྱས་ཡོད།

 རྨ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟིར་གཟིགས་ཞིབ་གནང་བཞིན་པའི་ཚུལ།

སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟིའི་ལས་བཟོ་བས་འཇིམ་བཟོ་ལས་ཀ་ལས་བཞིན་པའི་རྣམ་པ།

སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟིའི་ལས་བཟོ་བས་ཤིང་བརྐོ་ལས་ཀ་ལས་བཞིན་པའི་རྣམ་པ།

སྐལ་བཟང་རེབ་གོང་རིག་གནས་ཚད་ཡོད་ཀུང་ཟིའི་ལས་བཟོ་བའི་འཇིམ་བརྙན་ལས་བཞིན་པའི་རྣམ་པ།

ཐོག་མའི་འཇིམ་བཟོའི་ལས་ཀ

རྡོ་བརྐོས་རི་མོ་འགོད་བཞིན་པའི་རྣམ་པ།

ལས་བཟོ་བའི་བྲིས་ཟིན་པའི་གསེར་བྲིས་ཡི་གེ

ལས་བཟོ་བའི་བཞེངས་ཟིན་པའི་གསེར་བྲིས་འབག་སྐུ