མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་ཁ་གསབ་མ་དངུལ་སྟེར་བའི་སྲིད་ཇུས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་འབྲོག་པ་མང་ཚོགས་འབུམ་བརྒྱད་ལ་ཕན་ཁེ་བསྐྲུན།
2018.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོའི་ཟླ་བདུན་པའི་ཟླ་མཇུག་བར།   མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་རྩྭ་སའི་ཁ་གསབ་མ་དངུལ་སྒོར་ཐེར་ཆེན་གཅིག་དང་ཐེར་འབུམ་དྲུག་དུང་ཕྱུར་དགུ་ལྷག་བྱིན་ཏེ་ཞིང་ཆེན་ཡོངས་ཀྱི་འབྲོག་པ་མང་ཚོགས་འབུམ་བརྒྱད་ལ་ཕན་ཁེ་བསྐྲུན།

ཉིས་སྟོང་བཅུ་གཅིག་ལོའི་ཟླ་དགུ་བར།  རྒྱལ་ཁབ་ཀྱི་སྲིད་ཇུས་རྒྱབ་སྐྱོར་འོག   མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་ནང་རྐྱེན་ཁྱོན་ཡོངས་ནས་མགོ་བརྩམས་ཏེ་མུའུ་དུང་ཕྱུར་གཉིས་ཡན་གྱི་ཞན་འགྱུར་རང་བྱུང་རྩྭ་ཐང་དུ་ཕྱུགས་འཚོ་བ་གཏན་འགོག་བྱས་པ་དང་།   བཀོལ་སྤྱོད་བྱེད་ཆོག་པའི་རྩྭ་ས་མུའུ་དུང་ཕྱུར་གཉིས་ལྷག་ཏུ་རྩྭ་ཕྱུགས་དོ་མཉམ་རྗེས་འདེད་དོ་དམ་བྱེད་ཐབས་ལག་བསྟར་བྱས།

མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣའི་བཤད་རྒྱུར།  ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དེས།   འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུན་སྒོས་ཇེ་མཐོར་འགྲོ་བར་སྐུལ་འདེད་དང་གནད་ཕིགས་དབུལ་སྐྱོར་ལ་རོགས་འདེགས།   རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་སྟེ་སྐྱེ་ཁམས་ཇེ་བཟང་དུ་འགྲོ་བ་དང་ཕྱུགས་ལས་འཕེལ་རྒྱས་འགྲོ་བ།  རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བའི་ཕྱོགས་གསུམ་གྱི་ཕན་འབྲས་ལེན་པ་མངོན་འགྱུར་བྱས་ཟེར།

ལྟ་ཞིབ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན།   སྲིད་ཇུས་ལག་བསྟར་མ་བྱས་པའི་སྔོན་དང་བསྡུར་ན། མཚོ་སྔོན་ཞིང་ཆེན་གྱི་སྔོ་ཁེབས་ཚད་བརྒྱ་ཆའི་ལྔ་གྲངས་ཆུང་བརྒྱད་ཀྱིས་ཇེ་མཐོར་སོང་ཡོད་པ་དང་རྩྭ་སའི་ཞན་འགྱུར་རྣམ་པ་ཚོད་འཛིན་ཐེབས་ཡོད་ལ།   རྩྭ་སའི་སྐྱེ་ཁམས་བྱེད་ནུས་རིམ་བཞིན་སླར་གསོ་བྱུང་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་གཟན་རྩྭ་ཐོན་སྐྱེད་གཙོ་ཡིན་པའི་སྣེ་ཁྲིད་ཁེ་ལས་དང་ཆེད་ལས་མཉམ་ལས་ཁང་།  སྐྱེ་ཁམས་ཕྱུགས་ར་སོགས་གསར་དར་འཁོར་སྐྱོད་གཙོ་གཞི་བརྒྱད་བརྒྱ་དོན་གསུམ་གསོ་སྐྱོང་དང་སྟོབས་ལྡན་དུ་བཏང་སྟེ་ཀུང་ཟི་དང་མཉམ་ལས་ཁང་།  རྟེན་གཞི་སོགས་མཉམ་བསྲེས་བྱེད་པའི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་པ་དང་།   རྩྭ་ཕྱུགས་མཉམ་སྒུལ་དང་འཁོར་སྐྱོད་འཕེལ་རྒྱས་ཀྱི་རྣམ་པ་གྲུབ་པར་བྱས།  མིག་སྔའི་བར།  མཚོ་སྔོན་ཞིང་ཆེན་གྱིས་གསོ་སྤེལ་ཁང་སྟོང་གཉིས་དང་བརྒྱད་བརྒྱ་དང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དགུ་བརྒྱ་རེ་གཅིག་འཛུགས་སྐྲུན་བྱས་ཏེ་འབྲོག་ཁུལ་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཡོད་པར་མ་ཟད།   མཉམ་ལས་ཁང་དུ་ཞུགས་པའི་འབྲོག་ཁྱིམ་འབུམ་གཅིག་དང་ཁྲི་གཅིག་ལྷག་ཡོད།   ཉིས་སྟོང་བཅུ་བདུན་ལོའི་འབྲོག་པའི་ཡོང་སྒོ་རྐྱང་བའི་ཁྲོད་རྩྭ་སའི་ཁ་གསབ་བྱ་དགའི་མ་དངུལ་སྒོར་སྟོང་གསུམ་དང་བཅུ་བདུན་ཡོད་པ་དང་།  དེས་འབྲོག་པའི་ཡོང་སྒོ་རྐྱང་བའི་བརྒྱ་ཆའི་སོ་ལྔ་ཟིན་ཡོད།   རྩྭ་སའི་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་ལ་བརྟེན་ནས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ལས་གནས་སོགས་གསར་དུ་ཁ་སྣོན་བྱས་ཏེ་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་ལྷག་དབུལ་ཐར་བྱེད་པ་མངོན་འགྱུར་བྱས།