མཚོ་སྔོན་ཞིང་ཆེན་གྱིས་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གཙོ་བོའི་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད།
2018.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར།  མཚོ་སྔོན་ཞིང་ཆེན་གྱིས་ལག་རྩལ་མཛུབ་སྟོན་ཐད་ཤུགས་སྣོན་པ་དང་འཛུགས་སྐྲུན་སྤུས་ཚད་ལ་གཟབ་ནན་གྱིས་ལྟ་ཞིབ་བྱེད་པ།  ལྟ་སྐུལ་ཞིབ་བཤེར་ཤུགས་ཚད་ཇེ་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ།  ཕྱུགས་སྐྱུར་རྩྭ་འདེབས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་སྐྲུན་སྐབས་གཉིས་པ།  མདོ་ལ་རི་བོ་སྲུང་སྐྱོབ་སོགས་ཀྱི་རྩྭ་སའི་སྐྱེ་ཁམས་བཟོ་སྐྲུན་གཙོ་བོ་བདེ་བླག་ངང་སྤེལ་ཏེ་སྔོན་དཔག་གི་དམིགས་འབེན་ལ་སླེབས་པར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   ཉིས་སྟོང་བཅོ་བརྒྱད་ལོར། ཕྱུགས་སྐྱུར་རྩྭ་འདེབས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ།  མདོ་ལ་རི་བོ་སོགས་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར་བྱས་ཏེ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་ལྷག་བཏང་ནས།  རྩྭ་ར་སྤྱི་ཆིངས་འབུམ་བདུན་བསྐོར་བ་དང་མིས་བཟོས་གཟན་རྩྭ་ཁང་སྤྱི་ཆིངས་ཁྲི་ལྷག་འཛུགས་སྐྲུན་བྱེད་པ། ས་ནག་ཐང་སྤྱི་ཆིངས་འབུམ་གཅིག་དང་ཁྲི་དྲུག་བཅོས་སྐྱོང་དང་དུག་རྩྭ་སྤྱི་ཆིངས་ཁྲི་བརྒྱད་དང་སྟོང་དྲུག་འགོག་བཅོས་བྱེད་པ་དང་།  ཕྱུགས་ཁང་སྟོང་གསུམ་འཛུགས་སྐྲུན་བྱེད་པའི་ལས་འགན་བཀོད་སྒྲིག་བྱས་ཡོད། །

མིག་སྔའི་བར།  ཞིང་ཆེན་ཡོངས་སུ་བསྡོམས་པས་ས་ནག་ཐང་སྤྱི་ཆིངས་འབུམ་གཅིག་ལྷག་འགོག་བཅོས་དང་རྩྭ་ར་སྤྱི་ཆིངས་འབུམ་ལྔ་དང་ཁྲི་བདུན་བསྐོར་བ་དང་།   མིས་བཟོས་གཟན་རྩྭ་ཁང་སྤྱི་ཆིངས་སྟོང་དགུ་དང་དྲུག་བརྒྱ་འཛུགས་སྐྲུན་བྱས་ཡོད་ལ།   ཞན་འགྱུར་རྩྭ་ས་སྤྱི་ཆིངས་སྟོང་དྲུག་དང་བདུན་བརྒྱ་ལེགས་སྒྱུར་དང་དུག་རྩྭ་སྤྱི་ཆིངས་ཁྲི་ལྔ་དང་སྟོང་དྲུག་འགོག་བཅོས།  ཕྱུགས་ཁང་སྟོང་གཉིས་དང་བརྒྱ་འཛུགས་སྐྲུན་བྱས་ཡོད།  སྔོན་དཔག་བྱས་ན། ད་ལོའི་ཟླ་དགུ་བའི་ཟླ་མཇུག་བར་འཛུགས་སྐྲུན་ལས་འགན་ཚང་མ་ཡོངས་འགྲུབ་བྱེད་ཐུབ།