མཚོ་སྔོན་ཞིང་ཆེན་གྱིས་ཆུའི་སྤུས་ཚད་མཐོར་འདེགས་བཏང་སྟེ་ཐུམ་འབུའི་ནད་འགོག་བཅོས་བྱ་བར་ཤུགས་བསྣན།
2018.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ།  གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར།   ཞིང་ཆེན་ཡོངས་ཀྱི་ཆུ་བེད་སྡེ་ཁག་གིས་ལས་འགན་ཁག་བགོས་དང་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་བཟང་བོར་བསྒྲུབས་པ།   ལྟ་སྐུལ་ཞིབ་བཤེར་ཐད་ཤུགས་སྣོན་པ།  ལས་གཞིའི་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཐུམ་འབུའི་ནད་འགོག་བཅོས་ཐད་ཀྱི་ཆུ་དང་འབྲེལ་བའི་བྱ་བ་གཙོ་བོར་བཟུང་སྟེ་དངོས་འབེབས་དོན་འཁྱོལ་བྱས་ནས་ནུས་ཡོད་སྒོས་ཐུམ་འབུའི་ནད་མཆེད་པར་ཚོད་འཛིན་བྱས།   ད་ལོའི་ལོ་འགོར།   ཞིང་ཆེན་ཆུ་བེད་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་ཆུ་བེད་སྡེ་ཁག་དང་སོ་སོར་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་བདུན་ལོའི་རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་འཛུགས་སྐྲུན་དོ་དམ་འགན་འཁྲིའི་ཡི་གེ་བཀོད་པ་དང་།  ཟླ་དྲུག་པའི་ཚེས་དྲུག་ཉིན།  ཉིས་སྟོང་བཅོ་བརྒྱད་ལོའི་ཐུམ་འབུའི་ནད་བྱུང་ཚད་མཐོ་བའི་ས་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བྱ་བའི་བརྡ་སྦྱོར་ཕྱིར་བཏོན་པར་མ་ཟད།   ཐུམ་འབུའི་ནད་བྱུང་ཚད་མཐོ་བའི་ས་ཁུལ་དུ་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད་པའི་བྱ་བར་སྐུལ་འདེད་གཏོང་བ་དང་ཆུར་དུག་སེལ་བྱེད་པ་སོགས་ལོ་གཅིག་གི་ལག་བསྟར་ཇུས་གཞི་སོ་དགུའི་ཞིབ་བཤེར་བྱ་བ་ཡོངས་གྲུབ་བྱས།

རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཐུམ་འབུའི་བྱུང་ཚད་མཐོ་བའི་ས་ཁུལ་དུ་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ལས་གཞིའི་མ་དངུལ་སྔོན་ལ་བཀོད་སྒྲིག་བྱས།  མིག་སྔར།   ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་དབྱང་གིས་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་ཐད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ས་ཁུལ་སོ་སོར་བྱིན་པ་དང་།  ཞིང་ཆེན་རིམ་པའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་གཏོང་བ་དངོས་འབེབས་དོན་འཁྱོལ་བྱས།   དེའི་ཁྲོད་ཡུས་ཧྲུའུ་དང་མགོ་ལོག་ཁུལ་གཉིས་ལ་བསྡོམས་པས་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་བཟོ་སྐྲུན་འཛུགས་སྐྲུན་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་བཞི་འབུམ་དྲུག་ཁྲི་དྲུག་བྱིན།

བསྡོམས་རྩིས་བྱས་པ་ལྟར་ན།  ད་ལོར་ཞིང་ཆེན་ཆུ་བེད་ཐིན་གྱིས་ལས་གཞིའི་སྐུལ་འདེད་ཚོགས་འདུ་ཐེངས་གཉིས་དང་ཟླ་རེའི་བཀོད་གཏོང་གྲོས་ཚོགས་ཐེངས་དྲུག་བསྡུས་ཏེ་ས་ཁུལ་སོ་སོས་འཛུགས་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས་ལོ་མཇུག་གི་ལས་འགན་དུས་ལྟར་ཡོངས་གྲུབ་བྱེད་པར་འགན་སྲུང་བྱས།