མཚོ་ལྷོ་ཁུལ་གྱིས་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་ཚིས་ལ་ཕན་བདེ་སྐྲུན་པ་དང་དབང་བོ་སྐྱོན་ཅན་ལ་སེམས་ཁུར་བྱེད་ཅེས་པའི་བྱ་འགུལ་སྤེལ།
2018.09.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་དང་།  མཚོ་ལྷོ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས།   གུང་ཧོ་རྫོང་ཁྲིམས་འཛིན་ཅུའུ།  གུང་ཧོ་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཟླ་དགུ་བའི་ཚེས་བཅུ་བཞི་ཉིན། ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཚོ་སྔོན་པོ་ཐང་ཆེན་ནས། མཉམ་དུ་བཅའ་ཁྲིམས་རོགས་སྐྱོར་ལ་བརྟེན་ནས་དམངས་ཚིས་ལ་ཕན་བདེ་སྐྲུན་པ་དང་དབང་བོ་སྐྱོན་ཅན་ལ་སེམས་ཁུར་བྱེད་ཅེས་པའི་བྱ་འགུལ་སྤེལ།

བྱ་འགུལ་ཁྲོད།   ལས་བྱེད་མི་སྣས་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་མང་ཚོགས་རྣམས་ལ་དབང་བོ་སྐྱོན་ཅན་གྱི་ཁེ་དབང་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་འགྲེལ་བཤད་བྱས་པ་དང་།  ཡུལ་དངོས་ནས་བཅའ་ཁྲིམས་འདྲི་རྟོག་ཞབས་ཞུ་འདོན་སྤྲོད་བྱས་ཏེ་མང་ཚོགས་ཀྱིས་བཏོན་པའི་དྲི་བར་ལན་ཞིབ་མོ་བཏབ།   དེར་མ་ཟད།  ཡུལ་དངོས་ནས་དབང་བོ་སྐྱོན་ཅན་གྱིས་ངེས་པར་དུ་ཤེས་དགོས་པའི་གཞི་རྩའི་ཤེས་བྱའི་དྲི་བ་དྲིས་ལན་ཞེས་པ་དང་། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་གྱི་ལས་ཞུགས་འགན་སྲུང་མ་དངུལ་བསྡུ་བའི་དྲིལ་སྒྲོག་ལག་དེབ་སོགས་དྲིལ་སྒྲོག་རྒྱུ་ཆ་བྱིན།    དེ་མིན།   གླུ་གར་འཁྲབ་སྟོན་དང་དྲིལ་སྒྲོག་ཡིག་བྱང་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་དབང་བོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོབ་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱས།