བོད་ལྗོངས་ཀྱི་རྫོང་དང་ཆུས་ཉེར་ལྔ་དབུལ་ཕོངས་ལས་ཐར།
2018.10.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 54

གསར་འགོད་པས་བོད་རང་སྐྱོང་ལྗོངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་བོད་ལྗོངས་ཀྱི་རྫོང་དང་ཆུས་ཉེར་ལྔ་དབུལ་ཕོངས་ལས་དངོས་སུ་ཐར་བར་ཆོག་མཆན་བཀོད།

རྫོང་དང་ཆུས་ཉེར་ལྔ་ནི་ལྷ་སའི་ལྷུན་གྲུབ་དང་འདམ་གཞུང་སོགས་དང་ཆབ་མདོའི་སྟེང་ཆེན། ལྷོ་ཁའི་ཟངས་རི། གཞིས་ཀ་རྩེ་ཡི་པ་སྣམ་དང་སྐྱིད་རོང་། དེ་མིན་མངའ་རིས་དང་ནག་ཆུ། ཉིང་ཁྲི་བཅས་ཀྱི་རྫོང་དང་ཆུས་ཁ་ཤས་བཅས་རེད།

མངའ་རིས་ཀྱི་སྒར་རྫོང་ནི་ཐེངས་འདིར་དབུལ་ཐར་བྱས་པའི་རྫོང་དང་ཆུས་ཉེར་ལྔའི་ཁྲོད་ཀྱི་གཅིག་ཡིན་པ་དང་། སྒར་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱི་འདུག་ཁང་དང་འཚོ་བའི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་ཀྲུང་དབྱང་དང་བོད་ལྗོངས་ཀྱིས་སྔ་གཞུག་ཏུ་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ལྷག་བཏང་སྟེ་མཚོ་ངོས་ལས་མཐོ་བའི་ས་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་མཁར་གྲོང་དུ་གནས་སྤར། ད་ལྟ་ས་གནས་ཀྱིས་ད་དུང་ཐོན་ལས་གང་མང་གཉེར་ནས་ཁོ་ཚོ་ལས་ཞུགས་དབུལ་ཐར་བྱེད་དུ་བཅུག

བོད་ལྗོངས་ཀྱིས་དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ཟུང་འབྲེལ་དམ་པོ་བྱས། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་བོད་ལྗོངས་ཀྱིས་མཚོ་ངོས་མཐོ་ཚད་མུས་སྟོང་བཞི་དང་སུམ་བརྒྱ་མན་གྱི་ས་ཁུལ་དུ་སྡོང་འཛུགས་ནགས་སྐྲུན་བྱས་ཤིང་དེ་ཁྱིམ་ཚང་འབུམ་གཅིག་ལྷག་ལ་འབྲེལ་བ་ཡོད་པ་དང་ཤུགས་ཆེན་པོས་སྐྱེ་ཁམས་ལ་བརྟེན་ནས་མང་ཚོགས་ཕྱུག་སྒྱུར་བྱེད་པར་སྐུལ་འདེད་བཏང་།

བོད་ལྗོངས་ནི་རང་རྒྱལ་དུ་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་འོག བོད་ལྗོངས་ཀྱིས་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས། སྡོམ་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་དྲུག་ལོ་དང་ཉིས་སྟོང་བཅུ་བདུན་ལོ་གཉིས་ལ་བོད་ལྗོངས་ཀྱིས་སྡོམ་པས་དབུལ་ཕོངས་མི་གྲངས་འབུམ་གཉིས་དང་ཁྲི་དགུ་ལྷག་ཇེ་ཉུང་དུ་བཏང་།