རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཐང་སྟོང་གི་སྐོར་སྲུང་སྒྲིག་ཆས་བགོ་འགྲེམ་བྱེད་སྒོ་སྤེལ།
2018.10.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མི་མེད་ཐང་སྟོང་གི་སྐོར་སྲུང་སྒྲིག་ཆས་བགོ་འགྲེམ་བྱེད་སྒོ་སྤེལ་ཏེ། སོ་སོར་རྫ་ཆུའི་འགོ་ཁུངས་ཀྱི་སྤྱི་གླིང་ས་ཁུལ་དང་རྨ་ཆུའི་འགོ་ཁུངས་ཀྱི་སྤྱི་གླིང་ས་ཁུལ། འབྲི་སྟོད་དོ་དམ་ཁྲུའུ། ཆུ་དམར་ལེབ་དོ་དམ་ཁྲུའུ། ཨ་ཆེན་གངས་རྒྱབ་དོ་དམ་ཁྲུའུ་བཅས་ལ། རྒྱང་ཤེལ་དང་སྤོ་སྣུར་བྱས་ཆོག་པའི་གྱོད་སྒྲུབ་སྒྲིག་ཆས། ཡུལ་དངོས་ནས་རྟོག་ཞིབ་བྱས་ཆོག་པའི་སྒམ་ཆུང་། སྤྲེལ་མཐུད་ཁ་པར་སོགས་མི་མེད་ཐང་སྟོང་ནས་སྐོར་སྲུང་བྱེད་སྐབས་མེད་དུ་མི་རུང་བའི་སྒྲིག་ཆས་བགོ་འགྲེམ་བདག་སྤྲོད་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་ལུགས་ཚོད་གནས་བྱ་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ནུས་པ་སྔར་ལས་ཇེ་མཐོར་བཏང་། 

རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་གླིང་སོ་སོའི་ཨུ་ཡོན་ལྷན་ཁང་དང་དོ་དམ་ཁྲུའུ་ཡི་སྐོར་སྲུང་བྱེད་ནུས་མཐོར་འདེགས་སུ་གཏོང་ཆེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཁྱོན་བསྡོམས་མི་མེད་ཐང་སྟོང་གི་སྐོར་སྲུང་སྒྲིག་ཆས་རིགས་སོ་གཉིས་དང་གྲངས་སྟོང་གཅིག་དང་དྲུག་བརྒྱ་གོ་གཉིས་བགོ་འགྲེམ་བདག་སྤྲོད་བྱས་ལ། དུས་རིམ་སྔོན་མའི་ནང་ལ་འགྲིམ་འགྲུལ་ལག་ཆ་ཉེར་བཞི་དང་སྐོར་སྲུང་འཕྲུལ་རྟ་དྲུག་བརྒྱ། གཞུང་སྤྱོད་རླངས་འཁོར་བཅུ་བདུན་བཅས་བྱིན།