རྒྱལ་སྟོན་དུས་ཆེན་སྐབས་སུ་མཚོ་ནུབ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་འབུམ་བཞི་དང་ཁྲི་དགུ་ལྷག་ལ་སྣེ་ལེན་བྱས།
2018.10.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཉེ་ལམ།  གསར་འགོད་པས་མཚོ་ནུབ་ཁུལ་ཡུལ་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།   ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ།  མཚོ་ནུབ་ཁུལ་གྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་འབུམ་བཞི་དང་ཁྲི་དགུ་ལྷག་ལ་སྣེ་ལེན་བྱས་པ་དང་།  དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བཞི་ལྷག་འཕར་ཡོད་ལ།   ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་གཉིས་ལྷག་ལ་སླེབས་ཡོད་པ་དང་།  དེ་དུས་མཉམ་ལས་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་བཞི་ལྷག་འཕར་ཡོད།  སྐར་མ་རིམ་པའི་མགྲོན་ཁང་དུ་བསྡད་ཚད་བརྒྱ་ཆའི་རེ་ལྔར་སླེབས།

མཚོ་ནུབ་ཁུལ་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཐུང་ཅན་ཀོང་གིས་མཚམས་སྦྱོར་བྱས་པ་ལྟར་ན།  དུས་ཆེན་སྐབས་སུ།   ཁུལ་ཡུལ་སྐོར་ཅུའུ་ཡིས་མཛེས་ལྗོངས་ཁུལ་དང་སྐར་མ་རིམ་པའི་མགྲོན་ཁང་།  ཞིང་སྡེའི་ཡུལ་སྐོར་བྱེད་ས།  ཡུལ་སྐོར་བ་སྐྱེལ་འདྲེན་ཁེ་ལས་བཅས་ལ་ཞིབ་བཤེར་ནན་མོ་བྱས་པ་དང་།   ཞིབ་བཤེར་བྱས་ཏེ་རྙེད་པའི་གནད་དོན་དག་དུས་ཐོག་ཏུ་དག་ཐེར་ལེགས་བཅོས་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།   དེ་མིན།  འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་ཡུལ་སྐོར་ལས་རིགས་སྡེ་ཁག་ཏུ་ཟབ་ཞུགས་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་པ་དང་།  དཔལ་ཡོན་ཡུལ་སྐོར་ནི་སྤུས་ལེགས་འཚོ་བ་མཐོར་འདེགས་གཏོང་བའི་ཆེད་དུ་ཡིན་ཞེས་པ་སོགས་ཀྱི་བྱ་འགུལ་སྤེལ་ཏེ།  དཔལ་ཡོན་ཡུལ་སྐོར་དྲིལ་སྒྲོག་དང་སྣེ་ཁྲིད་བྱ་བར་ཤུགས་བསྣན་པ་དང་། ཡུལ་སྐོར་དང་ལས་རྣམ་གསར་པ་མཉམ་བསྲེས་བྱེད་པར་སྐུལ་འདེད་དང་ཡུལ་སྐོར་དཔྱད་ཞིབ་དང་ཡུལ་སྐོར་སྤུས་ཚད་ལ་སྔར་ལས་མཐོང་ཆེན་བྱས་ཏེ་ཡུལ་སྐོར་བ་དག་གི་ཡུལ་སྐོར་ཐད་ཀྱི་དགོས་མཁོ་བསྐངས་པ་དང་།   དོན་དངོས་དང་མཐུན་པའི་སྒོ་ནས་དུས་ཆེན་སྐབས་ཀྱི་ཡུལ་སྐོར་ཁྲོམ་རའི་འཁོར་སྐྱོད་བདེ་འཇགས་ལ་འགན་སྲུང་བྱས་ཟེར།