ཉིས་སྟོང་བཅོ་བརྒྱད་ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུལ་ངོ་སྤྲོད་ཚོགས་འདུ་ཧང་ཀྲིག་ནས་བསྡུས།
2018.10.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

ཟླ་བཅུ་བའི་ཚེས་བཅུ་ཉིན།    རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་གཙོ་སྒྲུབ་བྱས་པའི་ཉིས་སྟོང་བཅོ་བརྒྱད་ལོའི་རྨ་ལྷོ་ཁུལ་གྱི་ཁྱད་ལྡན་ཐོན་ལས་ཚོང་འགུག་ངོ་སྤྲོད་ཚོགས་འདུ་ཀྲེ་ཅང་ཞིང་ཆེན་ཧང་ཀྲིག་གྲོང་ཁྱེར་ནས་བསྡུས་པ་དང་།   ཀྲེ་ཅང་ཞིང་ཆེན་དང་མཐའ་འཁོར་ས་ཁུལ་ནས་ཡོང་བའི་རིག་གནས་དང་ཡུལ་སྐོར།   སྨན་རྫས།  མཐོ་གསར་ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་ཉིས་བརྒྱ་ལྷག་ཚོགས་འདུར་ཞུགས་པར་མ་ཟད།   མཉམ་ལས་གྲོས་མཐུན་བདུན་བཀོད་པ་དང་།  གྲོས་མཐུན་བཀོད་པའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ས་ཡ་ལྔ་ལ་སླེབས།   འདི་ནི་རྨ་ལྷོ་ཁུལ་གྱིས་ད་ལོའི་ཟླ་བཞི་བར་ཐེན་ཅིན་ནས་ངོ་སྤྲོད་ཚོགས་འདུ་བསྡུས་པའི་ཚུན་ལ། ཡང་བསྐྱར་ཞིང་ཆེན་ཕྱི་ནས་བསྡུས་པའི་ཚོང་འགུག་ངོ་སྤྲོད་བྱ་འགུལ་གལ་ཆེན་ཞིག་རེད།

ད་ལོའི་ཚུན་ལ།  རྨ་ལྷོ་ཁུལ་གྱི་གོང་འོག་ཚང་མ་ལྔ་བཞིའི་འཐབ་ཇུས་ཁྲོད་ཟབ་ཞུགས་བྱས་ཏེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་བ་དང་།  ཕྱིར་འགྲོ་བ་དང་ནང་འདྲེན་བྱེད་པ་གཉིས་ལ་མཉམ་དུ་མཐོང་ཆེན་བྱེད་པ་རྒྱུན་འཁྱོངས་དང་། ཕྱོགས་མང་པོ་དང་རིམ་པ་མང་པོ།  ཁྱབ་ཁོངས་མང་པོ་ནས་ཚོང་འགུག་ངོ་སྤྲོད་ཚོགས་འདུ་དང་བརྗེ་རེས་མཉམ་ལས་བྱ་འགུལ་སྤེལ་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།   གསར་འགོད་པས་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན།   རྨ་ལྷོ་ཁུལ་གྱིས་མུ་མཐུད་དུ་ཚོང་འགུག་བྱ་བ་ཇེ་ལེགས་སུ་བཏང་སྟེ་ཁེ་ལས་ལ་ཁེ་ཕན་ཐོབ་པར་བྱེད་པ་དང་ཚོང་འགྲུལ་བར་ཞབས་འདེགས་བཟང་བོ་ཞུས་ནས་མཉམ་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པའི་ཁྲོད་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

ངོ་སྤྲོད་ཚོགས་འདུས་བསྡོམས་པས་ས་གནས་ཁེ་ལས་ཞེ་གཅིག་རྩ་འཛུགས་བྱས་ཏེ་ཐང་ཀ་དང་རྡོ་བརྐོས།   སོག་བོད་སྨན་རྫས།  མི་རིགས་ཀྱི་གྱོན་ཆས།  མཐོ་སྒང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་ཐོན་རྫས་རིགས་གྱ་བདུན་འགྲེམ་སྟོན་བྱས།