མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་ཁྲི་ལྔ་ལྷག་ལ་དགུན་དུས་ཀྱི་དྲོད་འདོན་རོགས་དངུལ་བྱིན།
2018.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 50

ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་དགུན་དུས་འཚོ་བར་ནུས་ཡོད་སྒོས་འགན་སྲུང་བྱེད་ཆེད།   ཉེ་ལམ།  ཞིང་ཆེན་དམངས་སྲིད་ཐིན་གྱིས་བརྡ་ཐོ་བཏང་སྟེ་ས་ཁུལ་སོ་སོས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་དགུན་དུས་འཚོ་བར་འགན་སྲུང་བྱེད་པའི་བྱ་བ་བཟང་བོར་སྒྲུབ་དགོས་པའི་བླང་བྱ་བཏོན།   ཟླ་བཅུ་བའི་ཚེས་བཅུ་གཉིས་ཉིན་བར།   རོགས་སྐྱོར་མ་དངུལ་སྟེར་བའི་བྱ་བ་ཡོངས་འགྲུབ་བྱས་ཡོད་པ་དང་།  བསྡོམས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་ཁྲི་ལྔ་སྟོང་གསུམ་བདུན་བརྒྱ་གོ་གཅིག་ལ་དགུན་དུས་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལྷག་བྱིན།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་ཀྱི་དགུན་དུས་འཚོ་བའི་སྤུས་ཚད་ལ་འགན་སྲུང་བྱེད་ཆེད།  ན་ནིང་གི་ལོ་འགོར།   ཞིང་ཆེན་སྲིད་གཞུངགིས་ཆོག་མཆན་བཀོད་པ་བརྒྱུད།   མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དབུལ་ཕོངས་མང་ཚོགས་དག་གི་དྲོད་འདོན་རོགས་སྐྱོར་ཚད་གཞི་སྔར་ལས་མཐོར་འདེགས་བཏང་བར་མ་ཟད།   ཞིང་སྡེའི་དབུལ་ཕོངས་མང་ཚོགས་ལ་དམིགས་པའི་དྲོད་འདོན་རོགས་སྐྱོར་ལམ་ལུགས་བཙུགས་པ་རེད།

ཞིང་ཆེན་དམངས་སྲིད་ཐིན་གྱིས་དབུལ་ཕོངས་མང་ཚོགས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྟེར་བའི་སྐོར་གྱི་བརྡ་ཐོ་ཕྱིར་བཏོན་ནས།  རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་དབུལ་ཕོངས་མང་ཚོགས་ཀྱི་དྲོད་འདོན་རོགས་སྐྱོར་མ་དངུལ་སྟེར་བའི་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པ་དང་།  དྲོད་འདོན་རོགས་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པའི་རེ་བ་བཏོན།   དེ་མིན།  ས་ཁུལ་སོ་སོས་དགུན་དུས་ཀྱི་དྲོད་འདོན་རོགས་སྐྱོར་ཁྱབ་ཁོངས་ཁྲོད་མེད་པའི་དཀའ་ཁག་ཡོད་པའི་མང་ཚོགས་གཞན་དག་གི་གཞི་རྩའི་འཚོ་བར་མཐོང་ཆེན་བྱས་ཏེ་དགུན་དུས་དྲོད་འདོན་རོགས་སྐྱོར་མཁོ་བའི་ཁྱིམ་ཚང་ལ་གནས་སྐབས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁོ་ཚོའི་དཀའ་ཁག་ཐག་གཅོད་བྱེད་དགོས་པའི་རེ་བ་བཏོན།