རྨ་ལྷོ་ཁུལ་གྱིས་སྟོན་དགུན་གནས་སྐོར་གྱི་མ་དཔེ་གསར་བ་སྐྲུན།
2018.11.05 ཁུངས། མཚོ་སྔོ་་གསར་འགྱུར་དྲ་བ། ཀློག་གྲངས། 48

རྨ་ལྷོ་ཁུལ་གྱི་སྟོན་དགུན་དུས་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་སྤེལ་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་ཅུའུ་ཡིས་ཁོངས་གཏོགས་རྫོང་བཞི་ཡི་གནས་སྐོར་སྡེ་ཁག་དང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་ལས་དོན་ཁང་མང་པོ་དང་མཉམ་འབྲེལ་བྱས་ནས་སྤུས་ལེགས་གནས་སྐོར་ལམ་ཐིག་ཆེན་པོ་དང་གནས་སྐོར་ཚོང་རྟགས་དྲུག་གསར་སྐྲུན་བྱས་ནས། རྨ་ལྷོའི་གནས་སྐོར་ཁོངས་ཡོངས་ཅན་དང་སྤུས་ལེགས་ཅན། རིག་སྟོབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། སྤུས་ལེགས་གནས་སྐོར་ལམ་ཐིག་གིས་རིག་གནས་དང་གནས་སྐོར་དང་། རིག་གནས་དང་གསར་གཏོད། རིག་གནས་དང་རང་བྱུང་ཟུང་འབྲེལ་བྱེད་པ་རྨང་གཞི་རུ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོབ་དར་སྤེལ་དང་གཟུགས་འདས་རིག་གནས་རྒྱུན་འཛིན་བྱེད་པ་དམིགས་འབེན་དུ་བྱས་ལ། ཕྱི་རྒྱལ་གྱི་གནས་སྐོར་མ་དཔེ་གསར་བའི་ཉམས་མྱོང་བཟང་བོ་དཔྱད་གཞིར་བཟུང་ནས། ས་གནས་རང་གི་རིག་གནས་གནས་སྐོར་དང་མི་གཞུང་གནས་སྐོར། ཉེན་བརྟག་གནས་སྐོར། རོལ་མོའི་གནས་སྐོར། ལག་བཟོའི་གནས་སྐོར། ནང་བསྟན་གནས་སྐོར་སྔོག་འདོན་གང་ལེགས་བྱས། སྤུས་ལེགས་གནས་སྐོར་ལམ་ཐིག་ཆེན་པོ་དྲུག་དེ་རྨ་ལྷོ་ཁུལ་གྱིས་ཁྱོན་ཡོངས་ནས་གནས་སྐོར་ཞབས་ཞུ་མཐོར་འདེགས་བྱེད་པའི་ལག་ལེན་གསོན་པོ་རུ་གྱུར།

དེ་ལས་གཞན། རྨ་ལྷོ་ཁུལ་གྱིས་མ་འོངས་པའི་ལོ་འགའི་ནང་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་བསྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བ་སྤེལ་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། གཙོ་བོར་ཁམས་རའི་རྒྱལ་ཁབ་སྤྱི་གླིང་དང་རེབ་གོང་ལོ་རྒྱུས་རིག་གནས་མཁར་གྲོང་གནས་སྐོར་ཁུལ། མཚོ་སྔོན་གྱི་ཆེས་མཛེས་པའི་རྩྭ་ཐང་སོགས་ལྗོངས་རྒྱུ་ཁུལ་གཙོ་བོར་དམིགས་ནས། གནས་སྐོར་ཐོན་ཁུངས་ཚད་ལྡན་ཅན་གསར་སྤེལ་བྱེད་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་སྤྱི་ཐུན་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་ཚོང་གཉེར་གསར་གཏོད་བྱེད་ཤུགས་དང་འགྲུལ་ཁུངས་ཚོང་ར་རྒྱ་སྐྱེད་ཤུགས་ཆེ་རུ་གཏོང་བ། རྨ་ལྷོའི་ཚོང་རྟགས་ཀྱི་ཤན་ཤུགས་ཆེ་རུ་བཏང་སྟེ། རྨ་ལྷོ་ཁུལ་གྱི་གནས་སྐོར་ལས་རིགས་ཀྱི་ཚུལ་བསྒྱུར་རིམ་སྤོར་དང་མཆོང་བརྒལ་འཕེལ་རྒྱས་མངོན་འགྱུར་བྱེད་རྒྱུ་རེད།