རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ནས་ཕྱི་ཕྱོགས་ཀྱི་ཉ་རིགས་ཚེ་ཐར་གཏོང་བའི་སྦྱོར་བ་གཏན་འགོག་བྱས།
2019.01.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཕན་འབྲས་ལྡན་པ་བྱེད་ཆེད་དང་། ཆུའི་ནང་གི་སྐྱེ་དངོས་སྣ་མང་ཅན་དང་ཐོན་ཁུངས་བཟང་བོར་སྔར་ལས་སྲུང་སྐྱོབ་བྱེད་ཆེད། ཉེ་ལམ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་བརྡ་ཐོ་བཏང་ནས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། ཡུལ་ཤུལ་ཁུལ་ཁོངས་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་གནས་པའི་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་ལག་གཙོ་བོ་དང་མཚེའུ། ཆུ་མཛོད་སོགས་སྤྱི་བའི་ཆུ་ཁོངས་ཡོད་སར། ཕྱི་ཕྱོགས་ཀྱི་ཉ་རིགས་གང་འདོད་དུ་ཚེ་ཐར་གཏོང་བའི་སྦྱོར་བ་གཏན་འགོག་བྱེད་རྒྱུ་ཐག་བཅད་པར་མ་ཟད། ཁྲིམས་འགལ་གྱི་སྦྱོར་བ་ཚབས་ཆེན་རྩོམ་མཁན་ལ་ཁྲིམས་ཆད་གཅོད་རྒྱུ་རེད།

ཡུལ་ཤུལ་ཁུལ་ནི་རྨ་འབྲི་རྫ་གསུམ་གྱི་འགོ་ཁུངས་ཡིན་པར་མ་ཟད། འཛམ་གླིང་གི་ཆེས་མཐོ་སར་གནས་པའི་སྐྱེ་དངོས་སྣ་མང་ཅན་འདུས་སྡོད་བྱེད་ཡུལ་དང་སྐྱེ་ཁམས་ཀྱི་བཙན་ས་གལ་ཆེན་ཞིག་ཀྱང་ཡིན། དུས་ཡུན་རིང་བོར་འབྲོག་དམངས་རེ་འགའ་དང་ཕྱི་ཡོང་གི་ཡུལ་སྐོར་བ་རེ་ཟུང་གིས་གྲོང་ཁྱེར་ཉེ་འཁོར་གྱི་ཆུ་བོའི་བཞུར་ཁོངས་སུ་གང་འདོད་དུ་ཕྱི་ཕྱོགས་ཀྱི་ཉ་རིགས་ཉོས་ནས་ཡོང་བ་ཚེ་ཐར་བཏང་བས། ས་གནས་ཀྱི་ཆུ་ཁོངས་དག་གཙང་དང་སྐྱེ་ཁམས་བདེ་འཇགས་ལ་གནོད་སྐྱོན་ཅི་རིགས་བཟོ་བཞིན་ཡོད། སྐྱེ་ཁམས་སྲུང་སྐྱོབ་བྱ་བ་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་ཆེད། ཡུལ་ཤུལ་ཁུལ་ཉ་ལས་སྲིད་འཛིན་དང་ཆུ་ལས་སྲིད་འཛིན་སོགས་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས། ཁྱབ་ཁོངས་མངོན་གསལ་དུ་གཏོང་བ་དང་འགན་འཁྲི་གཙང་ལེན་བྱེད་པ། བྱེད་ཐབས་དངོས་འབེབས་བྱེད་པ། ལས་རྐང་གཅིག་ནས་འགན་འཁྲི་གཉིས་གཅིག་ལྕོགས་སུ་འཁུར་བ། ཏང་སྲིད་འགན་འཁྲི་གཅིག་ཏུ་འཛིན་པ་བཅས་ཀྱི་ཆོས་ཉིད་གཞིར་བཟུང་ནས། ཆུ་བདག་ལམ་ལུགས་དང་མཚེའུ་བདག་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ། ཁུལ་དང་རྫོང་། ཞང་། སྡེ་བ་རིམ་པ་བཅས་ཀྱི་ཆུ་བདག་བཞི་བརྒྱ་ང་དྲུག་གིས་ཆུ་ལག་སྟོང་གཅིག་བརྒྱ་དང་སོ་བརྒྱད་ལ་དོ་དམ་དང་ལྟ་སྲུང་གང་ལེགས་བྱེད་རྒྱུ་རེད། ཆུ་ཐོན་གསོ་སྤེལ་དོ་དམ་ལ་ཤུགས་སྣོན་དང་ཕྱི་ཕྱོགས་ནས་ནང་འདྲེན་བྱེད་ཀྱིན་པའི་ཉ་རིགས་ཉོ་ཚོང་གནས་ཚུལ་ལ་རྒྱུས་ལོན་ལེགས་པོ་བྱས་ཏེ།  ས་རང་གི་ཉ་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བའི་སྦྱོར་བ་གཏན་འགོག་བྱེད་རྒྱུ་རེད།