མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་བྱ་བ་རྫོང་སོ་དགུ་རུ་ཁེབས་པར་བྱས།
2019.01.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོའི་ཚོད་འགོག་ཐད་ནས་གྲུབ་འབྲས་ཧ་ཅང་མངོན་གསལ་བླངས་ཡོད་ཟེར། དེའི་ཁྲོད། ཡུས་ཧྲུའུ་དང་མགོ་ལོག་ཁུལ་གཉིས་རྒྱལ་ཁབ་ཀྱི་ལྗོངས་ཞིང་གསུམ་གྱི་བོད་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་མ་ལག་ཁྲོད་བཞག་སྟེ། བསྡོམས་པས་མི་ས་ཡ་བཞི་དང་འབུམ་བརྒྱད་ལ་བརྟག་དཔྱད་བྱས་པ་དང་། ཐུམ་འབུའི་ནད་འགོག་བཅོས་བྱ་བ་དེ་རྫོང་སོ་དགུ་རུ་ཁེབས་པར་བྱས་ལ། ནད་པ་ཁྲི་གཅིག་དང་སྟོང་བཞི་ལ་སྨན་བཅོས་བྱས་ནས། ཐུམ་འབུའི་ནད་མཆེད་པའི་རྣམ་པར་བཀག་འགོག་བྱས།

བཅོས་སྒྱུར་སྒོ་འབྱེད་བྱས་པའི་ལོ་ངོ་བཞི་བཅུའི་རིང་། མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོ་གཙོར་བཟུང་ནས་ཚོད་འགོག་བྱེད་པ་དང་། ཁུལ་ཁུངས་གཙོ་བོ་གཙོར་བཟུང་ནས་སྔོན་འགོག་བྱེད་པ། མང་ཚོགས་གཙོར་བཟུང་ནས་ཐེ་གཏོགས་བྱེད་པའི་བྱེད་ཐབས་སྤྱོད་པ་རྒྱུན་འཁྱོངས་བྱས་པས། ནད་རིགས་ཀྱི་ལྟ་ཞིབ་ཚད་ལེན་མ་ལག་རྒྱུན་མ་ཆད་པར་འཐུས་ཚང་དུ་བཏང་བ་དང་། ནད་རིགས་ཀྱི་སྙན་ཞུའི་ལམ་ལུགས་རིམ་བཞིན་ཇེ་ལེགས་སུ་སོང་ལ། ཐུམ་འབུའི་ནད་དང་མཆིན་ནད་ལྡེམ་བུ། འདུས་འདྲིལ་གཅོང་ནད་སོགས་ས་གནས་ཀྱི་ནད་རིགས་དང་འགོས་ནད་ཀྱི་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས་ཁྱོན་ཡོངས་ནས་ལག་བསྟར་བྱས། 2012ལོ་ནས་ད་ལོའི་བར་དུ་བྱི་ནད་བསྟུད་མར་ལོ་བདུན་ལ་བྱུང་མ་མྱོང་བ་དང་། ཉེ་བའི་ལོ་འགའི་རིང་ལ་ཏེན་ཚྭ་མི་འདང་བའི་ནད་པ་གཅིག་ཀྱང་མ་བྱུང་ལ། གྲུམ་བུ་ཚིགས་ཆེན་གྱི་ནད་ལ་ཚོད་འཛིན་བཟང་བོ་བྱས། བྱིས་པའི་འགོག་ཁབ་ཀྱི་སྣ་བཅུ་ཇེ་མང་དུ་སོང་བ་དང་དེས་ནད་རིགས་བཅུ་གཅིག་སྔོན་འགོག་བྱེད་ཐུབ། མཆིན་ནད་ལྡེམ་བུ་བྱུང་བའི་ནད་པ་ཇེ་ཉུང་དུ་སོང་ལ། ཨེ་ཙིའི་ནད་མཆེད་ཚད་ཇེ་མཐོར་སོང་མེད་ལ། འདུས་འདྲིལ་གྱི་གཅོང་ནད་འགོག་བཅོས་མ་དཔེ་གསར་བ་རྫོང་དང་ཆུའུ་ཡོངས་སུ་ཁེབས་ཡོད་པ་དང་། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་མཐོར་སོང་ཞིང་ཚན་རིག་དང་མཐུན་ལ། ཕན་འབྲས་ཇེ་ཆེར་སོང་ནས། མི་དམངས་མང་ཚོགས་ཀྱི་ལུས་ཕུང་བདེ་ཐང་ཐད་ཤུགས་ཡོད་འགན་སྲུང་འདོན་སྤྲོད་བྱས།