ཟླ་ལྔ་བའི་ཚེས་བདུན་ཉིན། སྐབས་གཉིས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་མཇུག་གི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། མཚོ་སྔོན་སློབ་ཆེན་དང་། མཚོ་སྔོན་དགེ་འོས་སློབ་ཆེན། ཀྲུང་གོའི་ཚན་རིག་ཁང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་མཇུག་ཁང་དང་། ཀྲུང་གོའི་ཚན་རིག་ཁང་ཚྭ་མཚོའི་ཞིབ་མཇུག་ཁང་སོགས་ཞིབ་མཇུག་ཁང་གི་འབྲེལ་ཡོད་ཆེད་མཁས་པ་དག་ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས།
ཐེངས་འདིའི་ཚོགས་འདུའི་སྟེང་དུ་སྐབས་གཉིས་པའི་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་དཔྱོད་ཞིབ་མཇུག་འགོ་ཁྲིད་ཚན་ཚུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཆུའི་འཁོར་བསྐྱོད་ཀྱི་བརྒྱུད་རིམ་ཧྲིལ་བོའི་ཕན་འབྲས་ལྡན་པའི་བེད་སྤྱོད་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལག་རྩལ་གསར་གཏོད། རྒྱལ་ཁབ་སྤྱི་གླིང་གི་རྒྱུན་མཐུད་དོ་དམ་དང་དཔེ་སྟོན། གལ་ཆེའི་དངོས་རིགས་ཐོན་ཁུངས་དང་རྒྱུད་རྒྱུའི་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱེད་པ། ཚྭ་མཚོའི་འགྱུར་ལྡོག་ལ་བརྟག་དཔྱད་དང་ཚྭ་མཚོའི་ཐོན་ཁུངས་ཁོར་ཡུག་གི་འདེགས་ཚད་ནུས་པར་དཔྱད་འཇོག་བྱེད་པ་དང་། ནམ་ཟླའི་འགྱུར་ལྡོག་འོག་ཏུ་སྐྱེ་ཁམས་བདེ་འཇགས་གནད་དོན་ལ་རྟོག་དཔྱོད་ཞིབ་མཇུག་བྱེད་པ་ སོགས་ཀྱི་ཕྱོགས་ནས་གྲོས་སྡུར་དང་བྱ་བའི་འཕེལ་རིམ་གྱི་སྙན་ཞུ་ཕུལ་ནས། འབྲེལ་ཡོད་ཆེད་མཁས་པ་དང་ཚན་རིག་རྟོག་དཔྱོད་མི་སྣའི་བསམ་ཚུལ་བསྡུ་ལེན་བྱས་ཏེ། རིམ་པ་རྗེས་མའི་ཚན་རིག་རྟོག་དཔྱོད་ཞབས་ཞུའི་འགན་སྲུང་བྱ་བར་བཀོད་སྒྲིག་གང་ལེགས་བྱས།
ཆེད་མཁས་པས་གཅིག་གྱུར་གྱི་བསམ་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཐེངས་འདིའི་མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། མཚོ་སྔོན་གྱི་ནམ་ཟླ་གྲང་མོ་དང་དག་གཙང་ནུས་ཁུངས་ཕུན་སུམ་ཚོགས་པ། ས་ཁམས་གནས་ཡུལ་སོགས་ཀྱི་ཁྱད་ལྡན་ཆ་རྐྱེན་འདོན་སྤེལ་ལེགས་པོ་བྱས་ནས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པར་ཧུར་ཐག་གིས་སྐུལ་འདེད་དང་། ལྗང་མདོག་འཕེལ་རྒྱས་ཀྱི་བྱེད་ཐབས་རིམ་འཕར་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་དམིགས་སུ་བཟུང་ནས་ལྗང་མདོག་འཕེལ་རྒྱས་ཀྱིས་སྣེ་ཁྲིད་བྱེད་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་བཟང་པོ་ཞུ་དགོས་ཟེར།