མཚོ་སྔོན་ཞིང་ཆེན་གྱིས་ཤེས་ལྡན་མི་སྣའི་བྱ་བའི་མཐུན་སྦྱོར་གསུམ་དང་ཡར་ཞུ་གསུམ་གྱི་ལམ་ལུགས་རྐྱེན་སྲོལ་བཙུགས།
2019.05.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གསར་དུ་བཟོ་བཅོས་བྱས་པའི་མཚོ་སྔོན་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིལ་སྲོལ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་མ་ཟད། ཤེས་ལྡན་མི་སྣའི་བྱ་བའི་མཐུན་སྦྱོར་གསུམ་དང་ཡར་ཞུ་གསུམ་གྱི་ལམ་ལུགས་རྐྱེན་སྲོལ་གཏན་ཁེལ་གསལ་བོ་བྱས་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་བྱ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ལ། གཅིག་གྱུར་མཐུན་སྦྱོར་དང་སྡེ་ཁག་གི་གཞོགས་འདེགས། གོང་འོག་མཉམ་འབྲེལ་བཅས་ལ་ཤུགས་བསྣན་ནས། ཆབ་སྲིད་སྒྲིག་ལམ་དང་ལམ་ལུགས་འཛུགས་སྐྲུན་སྟེང་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་ཁ་ཕྱོགས་ཡང་དག་ལ་ཁག་ཐེག་བྱས།

མཐུན་སྦྱོར་གསུམ་གྱི་རྐྱེན་སྲོལ་ནི་ཤེས་ལྡན་མི་སྣའི་བྱ་བ་དང་འབྲེལ་བའི་སྲིད་ཇུས་གལ་ཆེན་དང་ལས་གཞི་གལ་ཆེན། སྤྱི་ཁོག་གི་གྲོན་དངུལ་བཀོད་སྒྲིག་སོགས་བྱ་བ་གང་ཡིན་རུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཇུས་ཆོད་འགོད་པར་མ་སྤྲད་པའི་སྔོན་དུ། ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་ཐུན་མོང་གིས་ཞིབ་འཇུག་དང་གྲོས་ཞིབ་བྱེད་དགོས་པ་དེ་ཡིན་ལ། ཡར་ཞུ་གསུམ་གྱི་ལམ་ལུགས་ནི་རིམ་པ་སོ་སོའི་ཏང་ཨུས་རིམ་པ་གོང་མའི་ཏང་ཨུ་ལ་ཡར་ཞུ་བྱེད་པ་དང་། རིམ་པ་སོ་སོའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་ཀྱིས་འགོ་ཁྲིད་ཚན་ཆུང་ལ་ཡར་ཞུ་བྱེད་པ། རྫོང་རིམ་པ་ཡན་གྱི་ས་གནས་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་གོང་རིམ་པའི་ཤེས་ལྡན་མི་སྣའི་འགོ་ཁྲིད་ཚན་ཆུང་ལ་ཡར་ཞུ་བྱེད་རྒྱུ་དེ་ཡིན།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་བསྡུས་པའི་ཞིང་ཆེན་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་བཅུ་དགུ་པའི་སྟེང་། ཁོངས་གཏོགས་ལས་ཁུངས་སོ་སོས་སོ་སོར་ཚོགས་ཐོག་ནས་གཏམ་བཤད་པ་དང་ཡང་ན་ཡིག་ཐོག་ནས་བརྗེ་རེས་བྱེད་པའི་རྣམ་པ་སྤྱད་དེ། ཤེས་ལྡན་མི་སྣའི་བྱ་བའི་འགན་སྒྲུབ་གནས་ཚུལ་ཐད་ནས་བྱ་བ་ཡར་ཞུ་བྱས།