བོད་ལྗོངས་ཀྱིས་ཐོག་དང་པོར་ཀྲུང་གོའི་ཚོང་རྟགས་ཉིན་མོའི་བྱ་འགུལ་སྤེལ།
2019.05.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པའི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་ཚོང་རྟགས་ཉིན་མོ་བྱ་འགུལ་ཏེ། བོད་ལྗོངས་ཀྱི་རང་བདག་ཚོང་རྟགས་དང་ས་གནས་ཀྱི་ཐོན་རྫས་འགྲེམ་སྟོན་བྱ་འགུལ་ཟླ་ལྔ་བའི་ཚེས་བཅུ་ཉིན་བོད་ལྗོངས་རང་བྱུང་ཚན་རིག་རྟེན་མཛོད་ཁང་དུ་སྤེལ་འགོ་བརྩམས།

ཤེས་གསལ་ལྟར་ན། དེ་ནི་བོད་ལྗོངས་ཀྱིས་ཐོག་དང་པོར་ཀྲུང་གོའི་ཚོང་རྟགས་ཉིན་མོའི་བྱ་འགུལ་སྤེལ་བ་དང་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་ཚོང་རྟགས་ཉིན་མོའི་བྱ་འགུལ་གྱི་ནང་དོན་ཁག་གཅིག་ཀྱང་ཡིན། ཐེངས་འདིའི་བྱ་འགུལ་ལ་བོད་ལྗོངས་ས་གནས་ཀྱི་ཁེ་ལས་བརྒྱ་ལྷག་ཞུགས་ཏེ་ཟས་རིགས་དང་སྨན་རྫས། གནས་སྐོར་སོགས་ཐད་ཀྱི་ཐོན་རྫས་འགྲེམ་སྟོན་བྱས།

གཙོ་སྒྲུབ་ལས་ཁུངས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱ་འགུལ་དེ་ཚེས་བཅུ་ནས་ཚེས་བཅུ་གཉིས་ཉིན་བར་སྤེལ་ཏེ་གྲོང་ཁྱེར་སྡོད་དམངས་དང་གནས་སྐོར་བར་རིན་མི་ལེན་པར་བོད་ལྗོངས་ཀྱི་ཁྱད་ཆོས་ཐོན་རྫས་སྣ་ཚོགས་ལ་རྒྱུས་ལོན་བྱེད་དུ་འཇུག་ངེས་ཡིན་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉིས་སྟོང་བཅུ་བདུན་ལོ་ནས་བཟུང་ལོ་རེའི་ཟླ་ལྔ་བའི་ཚེས་བཅུ་ཉིན་ནི་ཀྲུང་གོའི་ཚོང་རྟགས་ཉིན་མོར་གཏན་འཁེལ་བྱས་པ་དང་། དེའི་དམིགས་ཡུལ་ནི་ཚོང་རྟགས་སྣ་ཚོགས་གཅིག་སྡུད་བྱས་ཏེ་སྤྱི་ཚོགས་ཡོངས་ལ་ཤེས་སུ་འཇུག་པ་དང་། ཚོང་རྟགས་འཕེལ་རྒྱས་ཐད་ལ་སྣང་ཚུལ་བཟང་བོ་ཞིག་གསར་སྐྲུན་བྱེད་པ། ཚོང་རྟགས་འཕེལ་རྒྱས་བརྗེ་རེས་ཀྱི་སྟེགས་བུ་གསར་སྐྲུན་བྱས་ནས་རང་བདག་ཚོང་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་གཏོང་བ་དང་ཁས་ལེན་བྱེད་ཚད་ཇེ་མཐོར་གཏོང་རྒྱུ་དེ་རེད།