སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་གི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་སྤེལ་མགོ་བརྩམས།
2019.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན།  སྐབས་གཉིས་པའི་མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་གི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཁུལ་མཚོ་ཤར་ཚོགས་འདུ་ལྟེ་གནས་སུ་སྤེལ་མགོ་བརྩམས།

ཐེངས་འདིའི་བྱ་འགུལ་ནི་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུས་མཚོ་སྔོན་ཞིང་ཆེན་མི་རབས་རྗེས་མའི་ལས་དོན་ཐུགས་ཁུར་ཨུ་ཡོན་ལྷན་ཚོགས་དང་།  ཀྲུང་གུང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ།  ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ།  ཞིང་ཆེན་རིག་གནས་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་།  ཞིང་ཆེན་སློབ་གསོ་ཐིན་སོགས་ལས་ཁུངས་བཅུ་བཞི་ལྷག་གིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཟླ་ལྔའི་རིང་སྤེལ་རྒྱུ་ཡིན་པ་དང་།  མཚོ་ཤར་གྲོང་ཁྱེར་དང་མཚོ་སྔོན་ཟི་ལིང་ནས་རིམ་པ་བཞིན་སྤེལ་རྒྱུ་རེད།  མི་སྒེར་དང་ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་སློབ་གྲྭ་ཆུང་འབྲིང་དང་།  ན་གཞོན་ལོ་ཆུང་བྱ་འགུལ་ལྟེ་གནས་སོགས་དུས་ཆེན་ལ་ཞུགས་ཆོག་པ་དང་།  དུས་ཆེན་གྱི་ནང་དོན་ལ་ན་གཞོན་ལོ་ཆུང་དང་དགེ་རྒན་ཕུལ་བྱུང་གི་མཛེས་རྩལ་དང་ཡིག་གཟུགས་བརྩམ་ཆོས་འགྲེམ་སྟོན་དང་།  ན་གཞོན་ལོ་ཆུང་གི་རོལ་དབྱངས་རིགས་ཀྱི་ལེ་ཚན་འཁྲབ་སྟོན་དང་། མཚོ་སྔོན་ན་གཞོན་ལོ་ཆུང་གི་ཕུལ་བྱུང་ཞབས་བྲོ་བརྩམ་ཆོས་འཁྲབ་སྟོན།  ན་གཞོན་ལོ་ཆུང་གི་བྱིས་པའི་ཟློས་གར་འགྲན་སྡུར།  ན་གཞོན་ལོ་ཆུང་གི་འཕྲུལ་ཆས་མིའི་འགྲན་སྡུར།  གཙང་ཆུའི་འགོ་ཁུངས་ཀྱི་འབྱུང་འགྱུར་ཞེས་པའི་གླེང་སྟེགས་སོགས་རིགས་ཆེན་པོ་དྲུག་དང་རྣམ་གྲངས་བཅུ་བཞི་ལྷག་ཡོད།

ཐེངས་འདིའི་སྒྱུ་རྩལ་དུས་ཆེན་གྱི་བྱ་འགུལ་སྤེལ་བ་ལས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་།  མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་གི་སློབ་ཕྱིའི་རིག་གནས་ལས་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།  མཚོ་སྔོན་ཞིང་ཆེན་གྱི་ན་གཞོན་ལོ་ཆུང་གི་རིག་གནས་ཁྱབ་ཁོངས་རྒྱ་བསྐྱེད་བྱས་ནས་ན་གཞོན་ལོ་ཆུང་གི་རིག་གནས་སྒྱུ་རྩལ་ཚོང་རྟགས་གསར་བསྐྲུན་བྱེད་རྒྱུ་དམིགས་སུ་བཟུང་ཡོད།