མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་བཙུགས་ནས་ལོ་འཁོར་གསུམ་ལོན་པ་དང་བཀའ་བསྟན་གསེར་བྲིས་མའི་ལས་མགོ་འཛིན་པའི་མཛད་སྒོ་གཅན་ཚ་རུ་བསྡུས།
2019.05.18 ཁུངས། ཀློག་གྲངས། 3563

སྤྱི་ཟླ་ལྔ་བའི་ཚེས་བཅོ་བརྒྱད་ཉིན། བཀའ་བསྟན་གསེར་བྲིས་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དང་། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་བཙུགས་ནས་ལོ་འཁོར་གསུམ་ལོན་པ། བཀའ་བསྟན་གསེར་བྲིས་མའི་ལས་མགོ་འཛིན་པའི་མཛད་སྒོ་དེ་གཅན་ཚ་རྫོང་ལོ་རྡོ་རྗེ་བྲག་ཏུ་བསྡུས། 

ཐེངས་འདིའི་མཛད་སྒོའི་སྟེང་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་དཔའ་ཕྱུག་དང་།  མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོ། དེ་མིན་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་ནས་ཕེབས་པའི་ཆེད་མཁས་པ་དང་། ཞིབ་འཇུག་པ། ཡིག་གཟུགས་བྲིས་པ་སོགས་འབྲེལ་ཡོད་མི་སྣ་སུམ་རྒྱ་ལྷག་ཚོགས་འདུར་ཞུགས་ཡོད། 

བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་འདི་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་རང་ནུས་ཀྱིས་སྲི་ཞུ་ཙམ་སྒྲུབ་པར་དམིགས་ནས་བཙུགས་པའི་ཁེ་ལས་སྡེ་ཁག་ཅིག་རེད་ལ། 2016ལོའི་ཟླ3པའི་ཚེས3ཉིན་དངོས་སུ་བཙུགས་པ་རེད།

ཁེ་ལས་འདིས་རྒྱལ་ཡོངས་སུ་ཆེས་ཐོག་མར་ཁེ་ལས་ཀྱི་ཚུལ་དུ་བཀའ་བསྟན་གཙོར་བྱས་པའི་ཆོས་རྒྱུད་རིས་མེད་ཀྱི་གསུང་རབ་བསྟན་བཅོས་མང་པོ་གསེར་དངུལ་གཡུ་བྱུར་གྱིས་འབྲི་བཞེངས་བྱེད་བཞིན་ཡོད་པ་དང་། གླེགས་བམ་གསེར་བྲིས་མ་འཆར་འགོད། ཇུས་འགོད། སྒྲིག་བཟོ། འགྲེམ་སྟོན། ཕྱིར་འཚོང་བཅས་ཐམས་ལམ་སྣ་མང་སྤྱད་ནས་བོད་ཀྱི་ཁེ་ལས་སྡེ་ཁག་ལ་སྣེ་ཁྲིད་ཀྱི་མིག་དཔེ་གང་ལེགས་ཐོན་བཞིན་ཡོད།

ད་སྔ་བཀའ་བསྟན་གསེར་བྲིས་གླིང་འདིར་རིག་དངོས་བཤམས་སྟོན་གླིང་དང་། ཐོན་ལས་འགྲེམ་སྟོན་གླིང་། གསུང་རབ་ཞུ་དག་གླིང་། གསེར་དངུལ་འདུལ་སྦྱོང་གླིང་། བོད་ཤོག་ལས་སྣོན་གླིང་། ལྷ་རིས་སྒྱུ་རྩལ་གླིང་བཅས་ཚན་ཁག་དྲུག་ཡོད་དེ། དེ་བས། བཀའ་བསྟན་གསེར་བྲིས་ལ་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་རིན་ཐང་། ཞིབ་འཇུག་གི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་སོགས་དམིགས་བསལ་གྱི་རིན་ཐང་མང་པོ་ལྡན་ངེས། 

འདས་པའི་ལོ་ངོ་གསུམ་གྱི་རིང་ལ་སྤྱི་གཉེར་ཁང་འདིས་བཀའ་བསྟན་གཙོར་བྱས་པའི་གསུང་རབ་ཆེ་ཆུང་སྟོང་གཉིས་ལྷག་འབྲི་བཞེངས་བྱས་ཡོད་ལ། དེའི་ནང་མིག་སྔར་འཛམ་གླིང་སྟེང་ཆེས་ཆེ་བའི་གླེགས་བམ་ལམ་སྔགས་འཛམ་གླིང་རྒྱན་གཅིག་དང་། རྗེ་ཙོང་ཁ་པའི་གསུང་འབུམ། བསྟན་དར་ལྷ་རམས་པའི་གསུང་འབུམ། ཏིང་འཕགས་བསྐལ་གསུམ། འཇམ་སྡུད་བཟང་གསུམ་སོགས་འབྲི་བཞེངས་མང་པོ་མཛད་ཡོད། དེ་དག་ནི་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན། བོད་ལྗོངས། ཡུན་ནན། ཁྲིན་ཏུའུ། པེ་ཅིན། ཧྲང་ཧེ། ཐན་ཅིན། ཧྲིན་ཀྲིན། ཞང་ཀང་སོགས་གྲོང་ཁྱེར་དང་ས་ཁུལ30ལྷག་ལ་ཕྱིར་འཚོང་བྱས་ཏེ། གྲོང་ཁྱེར་དེ་དག་གི་ཚོང་ཁང་མང་པོ་དང་མཉམ་འབྲེལ་བྱས་ཏེ་མིག་སྔར་ཕྱིར་འཚོང་ཁང10ལྷག་བཙུགས་ཡོད། 

2018ལོར་གཅན་ཚ་རྫོང་སྲིད་གཞུང་གི་དབུལ་སྐྱོར་བཀོད་སྒྲིག་དང་བཀའ་བསྟན་གསེར་བྲིས་གླིང་གི་འཆར་འགོད་ལྟར་དབུལ་ཕོངས་ཁྱིམ་ཚང་གི་བྲིས་པ100ལྷག་གསོ་སྐྱོང་བྱས་པ་དང་། ས་གནས་ཀྱི་ཁྱད་ཆོས་དང་འཛད་སྤྱོད་པའི་རེ་འདོད་ལྟར་ཐོན་ལས་གསར་གཏོད་བྱེད་པ།  ཚོང་ལམ་རྒྱ་བསྐྱེད་པ།  ཐོན་རྫས་བརྒྱུད་ནས་ས་གནས་ཀྱི་ཡུལ་སྐོར་དྲིལ་སྒྲོག་བྱེད་པ། དོ་དམ་འཐུས་ཚང་དུ་གཏོང་བ།  རྣམ་པ་མི་འདྲ་བའི་སྒོ་ནས་དབུལ་ཐར་གྱི་ལས་ཀར་སྔར་ལས་ལྷག་པའི་སྒོ་ནས་ནུས་ཤུགས་འདོན་པ་མ་ཟད། ལྷག་པར་ཏུ་གཅན་ཚ་ནི་གསེར་བྲིས་རིག་གནས་ཀྱི་ཕ་ས་ལྟ་བུ་ཞིག་ཏུ་འགྱུར་བའི་ཕྱོགས་ལ་འབད་འབུངས་གང་ལེགས་བྱེད་བཞིན་ཡོད།

ཚོགས་རའི་ཡུལ་དངོས་སུ་ཕེབས་བཞིན་པ།

སྐུ་མགྲོན་ཚོས་འབྱོར་ཐོ་འགོད་བཞིན་པ།

གདན་ཞུའི་སྐུ་མགྲོན་ལྷན་རྒྱས།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུལ་ལྷ་ཐར་གྱིས་བཀའ་བསྟན་གསེར་བྲིས་རིག་གནས་བགྲོ་གླེང་སྐབས་གཉིས་པར་མགོ་འཛིན་བྱེད་བཞིན་པ།

མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་སྤྱི་གཉེར་ཁང་གི་འགན་འཛིན་པ་བརྩོན་འགྲུས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་རྒྱ་ཡེ་བཀྲ་བྷོས་གཏམ་བཤད་གནང་བཞིན་པ།

མགོ་ལོག་ལུང་སྔོན་དགོན་པའི་སྤྲུལ་བློ་བཟང་ཆོས་རྗེས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་བྲིས་པ་བསྟན་གོས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་བཀྲ་བྷོས་གཏམ་བཤད་གནང་བཞིན་པ།

༼   བོད་ཀྱི་དམངས་སྲོལ ༽ རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་ཀརྨ་མཁའ་འབུམ་གྱིས་གཏམ་བཤད་གནང་བཞིན་པ།

བོད་ཀྱི་དམངས་སྲོལ་ཆེད་མཁས་པ་རེབ་གོང་བ་མཁར་རྩེ་རྒྱལ་གྱིས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ཚོང་ལས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་པདྨ་བསྟན་འཛིན་གྱིས་གཏམ་བཤད་གནང་བཞིན་པ།



    པེ་ཅིན་ཧི་མ་ལ་ཡ་སྤྱི་གཉེར་ཁང་གི་འགན་འཛིན་པ་སངས་རྒྱས་རྒྱ་མཚོས་གཏམ་བཤད་གནང་བཞིན་པ།

མཚོ་སྔོན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་སྙིང་བོ་ཚེ་རིང་གིས་གཏམ་བཤད་གནང་བཞིན་པ།

༼   སྦྲང་ཆར ༽ རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་པདྨ་དབང་ཆེན་གྱིས་གཏམ་བཤད་གནང་བཞིན་པ།

གཅན་ཚ་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤཀྱ་དོན་གྲུབ་ཀྱིས་གཏམ་བཤད་གནང་བཞིན་པ།

བྲིས་པ་མཁར་རྩེ་རྒྱལ་གྱིས་བཀའ་བསྟན་གསེར་བྲིས་གླིང་ལ་ཕུལ་བའི་རྟེན་འབྲེལ་ཞུ་ཚིག

བྲིས་པ་བསྟན་གོས་བཀའ་བསྟན་གསེར་བྲིས་ལ་གླིང་ལ་ཕུལ་བའི་རྟེན་འབྲེལ་ཕྱག་བྲིས་མ།

བློ་རིག་སྒྲིམ་ནས་གསེར་བྲིས་འབྲི་བཞེངས་བྱེད་བཞིན་པ།

གདན་ཞུའི་སྐུ་མགྲོན་ཚོས་བཀའ་བསྟན་གསེར་བྲིས་ལ་གཟིགས་ཞིབ་གནང་བཞིན་པ།

གདན་ཞུའི་སྐུ་མགྲོན་ཚོས་བཀའ་བསྟན་གསེར་བྲིས་ལ་གཟིགས་ཞིབ་གནང་བཞིན་པ།

གསེར་དངུལ་འདུལ་སྦྱོང་བྱེད་བཞིན་པ།

བོད་ཤོག་ལས་སྣོན་བྱེད་བཞིན་པ།

ཐང་ཀ་འབྲི་བཞེངས་བྱེད་བཞིན་པ།

ཚོགས་རའི་ཡུལ་དངོས།


གསར་འགོད་པ།   དབང་རྒྱལ་ཚེ་རིང་།  རྟ་མགྲིན་སྐྱབས།