ཡུས་ཧྲུའུ་ཁུལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་སྤེལ།
2019.06.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཟླ་དྲུག་པའི་ཚེས་བཅོ་བརྒྱད་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་དེ་ནོར་གནག་ཐང་ཆེན་ནས་བསྡུས་པ་དང་། ཁུལ་ཡོངས་ཀྱི་དཔལ་ཡོན་སྡེ་ཁག་བརྒྱད་ཅུ་ལྷག་བྱ་འགུལ་ལ་ཞུགས།

བྱ་འགུལ་གྱིས་ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་བྱ་བའི་རེ་བ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་པ་དང་། ཆེད་དོན་འཐབ་རྩོད་བྱ་བ་དེ་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ལག་ལེན་དངོས་སུ་བྱས་ནས། སྤྱི་ཚོགས་ལས་རིགས་སོ་སོ་དང་རྒྱ་ཆེའི་རོང་འབྲོག་མང་ཚོགས་དེའི་ཁྲོད་ཞུགས་པ་མ་ཟད་ཁོ་ཚོའི་ནག་ངན་སྟོབས་ཤུགས་དང་འཐབ་རྩོད་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ནས་རྒྱུན་མཐུད་ངང་གྲུབ་འབྲས་ལེན་པར་སྐུལ་སློང་བྱས་ཏེ། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར། བདེ་སྣང་མཐོར་འདེགས་བཏང་།

བྱ་འགུལ་སྤེལ་ཡུལ་དུ། པར་རིས་འགྲེམ་སྟོན་དང་གྱོད་གཞི་གསལ་བཤད། བྱ་དགའ་ཡོད་པའི་དྲི་བ། གཞུང་བཞེས་བྱས་པའི་གྲི་དང་བོའུ་སོགས་དངོས་རྫས་སྐོར་ཞིག་འགྲེམ་སྟོན་བྱས་པ་བརྒྱུད་དེ། ཡུས་ཧྲུའུ་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོས་སེམས་ཤུགས་གཅིག་སྒྲིལ་གྱིས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས་བླངས་པའི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཁྱོན་ཡོངས་ནས་འགྲེམ་སྟོན་བྱས་པ་དང་། དམངས་ཡོངས་ལ་ཆ་རྒྱུས་ཡོད་པ་མ་ཟད་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པའི་སྣང་ཚུལ་བཟང་བོ་བསྐྲུན།

བསྡོམས་རྩིས་ལྟར་ན། ཐེངས་འདིའི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དུས་རིམ་རང་བཞིན་གྱི་གྲུབ་འབྲས་འགྲེམ་སྟོན་དང་བརྗོད་དོན་དྲིལ་སྒྲོག་ཉིན་མོའི་བྱ་འགུལ་ཁྲོད་བསྡོམས་པས་རིགས་སོ་སོའི་ལས་བྱེད་པ་སྟོང་གཅིག་དང་བརྒྱ་ལྷག་དྲིལ་སྒྲོག་བྱ་འགུལ་ལ་ཞུགས་པ་དང་། དྲིལ་སྒྲོག་འགྲེམ་པང་སུམ་བརྒྱ་ལྷག་བཤམས་ལ། དྲིལ་སྒྲོག་འཕྲེད་རས་སུམ་བརྒྱ་དང་ལྔ་བཅུ་ལྷག་བཀལ་བ་དང་། དྲིལ་སྒྲོག་གློག་བརྙན་ལྔ་བསྟན་ལ། རིགས་མི་འདྲ་བའི་དྲིལ་སྒྲོག་ཡིག་ཆ་ཁྲི་གསུམ་དང་སྟོང་ལྔ་ལྷག་བཀྲམ།