མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་འཁོར་གཏོང་མཛད་སྒོ་ཟི་ལིང་དུ་བསྡུས།
2019.06.20 ཁུངས། ཀློག་གྲངས། 223

ཟླ6པའི་ཚེས20ཉིན།  མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་གྱི་འཁོར་གཏོང་མཛད་སྒོ་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ཟློས་གར་ཁང་ཆེན་མོའི་ཐང་ཆེན་ནས་བསྡུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡོན་ལུང་དང་།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཅན་ཅུན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཡུའུ་ཚོང་ལཱི། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁང་ཡོང་སོགས་འབྲེལ་ཡོད་འགོ་ཁྲིད་འཁོར་གཏོང་མཛད་སྒོའི་ཡུལ་དངོས་སུ་ཡོང་ནས་འགྲན་ཞུགས་ཚོང་སྡེ་ཁག་དང་རླངས་འཁོར་རུ་ཁག་ལ་གཟིགས་ཞིབ་བྱས་ཏེ་ཚད་མཐོའི་གདེང་འཇོག་དང་བསྟོད་བསྔགས་བྱས་པར་མ་ཟད།  མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས། དེ་མིན་ད་དུང་རྒྱལ་ནང་གི་ཁེ་ལས་མིང་གྲགས་ཅན་གྱི་འགན་འཛིན་མི་སྣ་དང་རྩལ་སྦྱོང་མི་སྣ་གྲགས་ཅན་སོགས་འཁོར་གཏོང་མཛད་སྒོར་ཞུགས།

སྔ་དྲོའི་ཆུ་ཚོད8སྟེང་།  འབྲེལ་ཡོད་འགོ་ཁྲིད་དང་གདན་ཞུའི་སྐུ་མགྲོན།  སྨྱན་བྱད་སྡེ་ཁག་སོགས་ཀྱི་ཐལ་མོའི་རྡེབ་སྒྲ་དང་ལྷན་དུ་འགྲན་སྡུར་ལ་ཞུགས་པའི་གློག་སྒུལ་རླངས་འཁོར་རིགས་མི་འདྲ་བ་བཅུ་གཉིས་གར་སྟེགས་སུ་བུད་པ་དང་། དེ་རྗེས་རུ་ཁག་བསྒྲིགས་ཏེ་ཟི་ལིང་ནས་མཚོ་སྔོན་པོའི་མཐའ་འཁོར་དུ་བསྐྱོད་ནས་མཚོ་སྐོར་ནུས་རྩལ་འགྲན་སྡུར་བྱས་ཤིང་། དེ་ནི་སྐབས་འདིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་གྱི་འགྲན་རིམ་གལ་ཆེན་ཞིག་ཡིན།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་ནུས་རྩལ་འགྲན་སྡུར་སྐབས་དྲུག་པའི་ལམ་ཐིག་ནི་ཟི་ལིང་ནས་མགོ་བརྩམས་ཏེ་མཚོ་སྔོན་པོར་གཡས་སྐོར་གྱིས་ནུབ་མཚོ་གྲོང་བརྡལ་བར་ལ་སྤྱི་ལེ414.19དང་། ནུབ་མཚོ་གྲོང་བརྡལ་ནས་མགོ་བརྩམས་ཏེ་ཟི་ལིང་བརྒྱུད་མིན་ཡོན་གྱི་བར་ལ་སྤྱི་ལེ246.53  དེ་ནས་མིན་ཡོན་ནས་མགོ་བརྩམས་ཏེ་ཧུའུ་ཀྲུའུ་བརྒྱུད་ཟི་ལིང་གི་བར་ལ་སྤྱི་ལེ226.04བཅས་བསྡོམས་པས་སྤྱི་ལེ886.76ཡོད་ཅིང་།  དེ་ལས་ཚེས20ཉིན་སྤེལ་བའི་ཟི་ལིང་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་འགྲན་སྡུར་ནི་ལམ་ཐིག་ཆེས་རིང་ཤོས་དེ་ཡིན།

གསར་འགོད་པ།  ལྕགས་ཐར་ཚེ་རིང་།