ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉི་ཤུ་བ་དངོས་སུ་ཚོགས་མགོ་བརྩམས།
2019.06.21 ཁུངས། ཀློག་གྲངས། 36

སྤྱི་ཟླ6པའི་ཚེས20ཉིན། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་ཞིང་ཆེན་དང་ལྗོངས། གྲོང་ཁྱེར་སོ་གཅིག་གི་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཀྲུང་གོ་མཚོ་སྔོན་ལྗང་མདོག་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་ཉི་ཤུ་བ་ཟི་ལིང་གྲོང་ཁྱེར་ནས་དངོས་སུ་ཚོགས་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དགོངས་དོན་གྱི་མཛུབ་སྟོན་འོག་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་གཉིས་བརྗོད་གཞི་བྱས་ཏེ། སྐྱེ་ཁམས་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དངུལ་གཏོང་མཉམ་ལས། ཁྱད་ལྡན་ཉོ་ཚོང་སོགས་ཀྱི་ནང་དོན་དམིགས་སུ་བཟུང་ཡོད་པ་དང་། ནང་དོན་གྱི་ཐད་ནས་བརྗོད་གཞིའི་གླེང་སྟེགས་དང་ཆེད་དོན་དངུལ་གཏོང་སྐུལ་འདེད་བྱ་འགུལ། ཁྱད་ཐོན་དངོས་རྫས་འགྲེམ་སྟོན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སོགས་བྱ་འགུལ50ལྷག་འདུ།

མིག་སྔའི་བར་དུ་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་ལ་མཚོན་ན་མི་ལོ་ཉི་ཤུ་འགོར་བ་དང་ལས་གཞིར་མིང་རྟགས་བཀོད་པའི་སྤྱིའི་མ་དངུལ་སྒོར་ཁྲི1.5ལྔར་སླེབས། དེའི་གཞི་རྒྱའང་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཕན་ནུས་ཀྱང་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། ཤར་རྒྱུད་དང་ནུབ་རྒྱུད་ས་ཁུལ་ནས་དཔལ་འབྱོར་རོགས་རེས་དང་ཁྲོམ་ར་འབྲེལ་མཐུད་ཀྱི་ཆེད་ལས་སྟེགས་བུ་ཞིག་ཏུ་གྱུར་ཡོད་ལ། ཚོང་ལས་ནང་འདྲེན་དང་ས་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་ཕྱོགས་ཡོངས་ནས་སྒོ་འབྱེད་བྱས་ཡོད་པའི་སྒེའུ་ཁུང་ལྟ་བུར་གྱུར་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་མཚོ་སྔོན་གྱི་ཚོང་གཏམ་གྲོས་ཚོགས་སྟེང་ཐེངས་དང་པོར་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ཡན་ལག་ཚོགས་ར་བསྡུས་པ་དང་། འགྲེམ་སྟོན་ས་ཁོངས་ཀྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི6.15ལ་སླེབས་ཡོད་པས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས་སོ་སོ་ལས་ཆེས་ཆེར་བརྒལ་ཡོད། དེ་མིན་རྒྱལ་ཁབ་ཀྱི་ཐོན་ལས་སྲིད་ཇུས་དང་མཐུན་ཞིང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཚོང་ལས་དངུལ་གཏོང་ལས་གཞི229ཡོད་པ་དང་། དེ་དག་རེ་རེའང་ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། མདོག་ལྡན་ལྕགས་རིགས་ལས་སྣོན། དམག་ཆས་གསར་བཟོ། རྫས་འགྱུར་བཟོ་ལས། རིག་གནས་ཡུལ་སྐོར། རྨང་གཞིའི་སྒྲིག་ཆས། གཞི་གྲངས་ཆེན་མོ་སོགས་ཁྱབ་ཁོངས13ལ་ཁེབས་ཡོད།

དེ་ལས་གཞན། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་རང་བཞིན་གྱི་ཚོང་ལས་མཉམ་ལས་ཀྱང་མུ་མཐུད་ནས་ཇེ་ཆེར་འགྲོ་བཞིན་ཡོད་དེ། ད་ལོར་མཚོན་ན་ཏེན་མག་དང་འཁྱགས་གླིང་། ཧྥིན་ལན། རའེ་ཏེན། ནོ་ཝེ་སོགས་རྒྱལ་ཁབ་ཀྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་གྲོས་ཚོགས་སུ་ཞུགས་ཡོད་པས། རྒྱལ་སྤྱིའི་ཚོང་མགྲོན་ཡང་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།




གསར་འགོད་པ།     དབང་རྒྱལ་ཚེ་རིང་། ཐུབ་བསྟན།