སྐབས་ཉི་ཤུ་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱི་གནས་ཚུལ་བཀོད་པ། ༼ ཁག་བཞི་བ ༽
2019.06.21 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1208

གསར་འགོད་པས་ཞིན་ཧེ་རྫོང་ཨ་མདོ་ཉོ་ཚོང་ཚད་ཡོད་ཀུང་ཟིའི་འགན་འཛིན་པར་བཅར་འདྲི་བྱེད་བཞིན་པ། 

ཚོང་མགྲོན་རྣམས་ལ་ཨ་མདོའི་སྦི་རག་རོལ་མྱོང་བྱེད་དུ་འཇུག་བཞིན་པ། 

           མིག་ལ་མཛེས་ཤིང་བྲོ་བ་ཞིམ་པའི་ཨ་མདོའི་སྦི་རག

           ཨ་མདོའི་སྦི་རག་སོགས་ཐོན་རྫས་སྐོར་ཞིག

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཨ་མདོ་ཉོ་ཚོང་ཚད་ཡོད་ཀུང་ཟི་ནི་ཞིན་ཧེ་རྫོང་ཁྲོམ་ར་ལྟ་ཞིབ་དོ་དམ་ཅུའུ་ནས་ཆོག་མཆན་ཐོབ་པ་བཞིན་ཐོ་འགོད་བྱས་ཤིང་།2018ལོའི་ཟླ་དགུ་བར་མཚོ་སྔོན་ཞིང་ཆེན་ཞིན་ཧེ་རྫོང་དུ་དངོས་སུ་བཙུགས། ཐོ་འགོད་མ་དངུལ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ལྷག་བཏང་།  ལས་ཀའི་ཁྱབ་ཁོངས་སུ་ཆང་རིགས་དང་ཝུ་ཆང་། བཏུང་བྱ།  གཏེར་ཆུ་སོགས་ཕྱི་ཐུམ་ཅན་གྱི་ཟས་རིགས་ཀྱི་དྲིལ་སྒྲོག་དང་ཕྱིར་འཚོང་གཙོ་གཉེར་བྱེད་བཞིན་ཡོད།

ཀུང་ཟིར་ད་ལྟ་དོ་དམ་མི་སྣ་གསུམ་དང་ལས་བཟོ་བ་བཅོ་བརྒྱད་ཡོད་ཅིང་། ཞིན་ཧེ་རྫོང་དང་ཐ་ན་མཚོ་ལྷོ་ཁུལ་ཡོངས་ཀྱི་མྱུར་སྤྱོད་ཐོན་རྫས་ཁྲོད་སྤྱིའི་ནུས་ཤུགས་ཆེས་ཆེ་བ་དང་རྩ་འཛུགས་སྒྲིག་གཞི་ཆེས་ཆ་ཚང་བ། རྗེས་འབྲེལ་ཞབས་ཞུ་ཆེས་ལེགས་པའི་ཁེ་ལས་ཤིག་ཡིན།

ཀུང་ཟིས་འཕེལ་རྒྱས་དངོས་དང་ཝུ་ཆང་གི་ཁྲོམ་རའི་དགོས་མཁོ་ལ་གཞིགས་ནས་ཅིན་ཞིན་མཉམ་འདུས་ཁེ་ལས་དང་ཨ་མདོ་རྟགས་ཅན་གྱི་སྦི་རག་སྤུས་དག་བཟོ་རྒྱུ་ཐག་གཅོད་བྱས།  སྦི་རག་དེའི་མ་བཅོས་རྒྱུ་ཆ་དང་ལག་རྩལ་ཁ་ཚང་ནི་སྦི་རག་གི་ཕ་སར་བརྗོད་པའི་ཉི་ཧོང་ནས་ཐོན་ཞིང་།  སྲོལ་རྒྱུན་གྱི་བཟོ་ལས་སྦི་རག་དང་བསྡུར་ན་ཨ་མདོའི་སྤུས་དག་སྦི་རག་གི་བྲོ་བ་དང་འཚོ་བཅུད་གང་གི་ཐད་ལའང་ཁྱད་དུ་འཕགས་པའི་ཁྱད་ཆོས་ལྡན།

དེ་བས་ཨ་མདོའི་སྦི་རག་དྲིལ་སྒྲོག་དང་ཕྱིར་འཚོང་བྱེད་རྒྱུ་ནི་ཀུང་ཟིའི་མིག་སྔའི་ཆེས་གལ་ཆེ་བའི་ལས་གཞི་ཡིན་ལ།  ཀུན་གྱིས་མཐོ་སྒང་གི་ཁྱད་ཐོན་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཕྱོགས་ལ་འབད་པའི་སྐལ་བ་བཟང་བོའི་དུས་སུ། མཚོ་སྔོན་ནས་ལམ་ལ་ཆས་ཏེ་ནུབ་བྱང་ས་གཞི་ཆེན་མོ་དང་རྒྱལ་ཡོངས་ཀྱི་སྦི་རག་གི་ཁྲོམ་རའི་ཁྲོད་དུ་རང་ལ་དབང་བའི་མངའ་ཁོངས་ཤིག་ཐོབ་ཐུབ་པར་བརྩོན་ལེན་བྱེད་བཞིན་མཆིས།

དུས་སྐབས་གསར་བའི་ཁྲོམ་རའི་འགྲན་རྩོད་དང་ཀུང་ཟིའི་འཕེལ་རྒྱས་ཀྱི་དགོས་མཁོ་ལ་གཞིགས་ནས་ཀུང་ཟི་དེས་ཐོག་མ་ནས་དོ་དམ་གྱིས་ཚོང་རྟགས་གསར་གཏོད་དང་ཚོང་རྟགས་ཀྱིས་འཕེལ་རྒྱས་དང་མཉམ་རྒྱལ་བྱེད་ཐུབ་པར་ཡིད་ཆེས་ཟབ་མོ་བཅངས་ཏེ། འཛད་སྤྱོད་པར་ཞབས་ཞུ་བྱེད་པར་ཤུགས་བསྣན་ནས་འཆམ་མཐུན་དང་མཉམ་འདྲེས་འོག་ཨ་མདོ་རྟགས་ཅན་གྱི་སྦི་རག་གི་ཚོང་ར་སྔར་ལས་རྒྱ་ཆེན་པོ་འཚོལ་སྙེག་བྱེད་བཞིན་མཆིས།

མ་འོངས་པར་ཀུང་ཟི་དེས་མུ་མཐུད་དུ་འཛད་སྤྱོད་པ་དག་ལ་ཆེས་ལེགས་པའི་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་ཅིང་། རང་འགུལ་གྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས་རང་ས་གནས་ཀྱི་མྱུར་སྤྱོད་ཐོན་རྫས་འཕེལ་རྒྱས་གཏོང་རྒྱུ་དེ་རང་འགན་དུ་བསམས་ནས་འབད་བརྩོན་སྒོས་མདུན་སྐྱོད་དང་ཕུན་སུམ་ཚོགས་པའི་གྲུབ་འབྲས་འཐོབ་པར་བརྩོན་པ་ལྷུར་ལེན་བྱེད་བཞིན་མཆིས།

རང་གི་ཕ་ས་ཕ་ཡུལ་གྱི་ནས་འབྲུ་སྔོན་མོའི་ཉིང་བཅུད་ལས་ཐོན་པའི་ཨ་མདོའི་སྦི་རག་དེར། ད་ལོའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་གོང་རིམ་གྱི་མགོ་ཁྲིད་ཀྱི་བསྔགས་བརྗོད་ཐོབ་པར་མ་ཟད། ཕྱོགས་ཡོངས་ཀྱི་ཚོང་བ་རྣམས་ཀྱིས་གདེང་འཇོག་མཐོན་པོ་བྱས་པས། ཨ་མདོའི་སྦི་རག་གི་ཚོང་ལས་ཀྱི་ལམ་ཁ་སྔར་ལས་ཡངས་པོར་ཕྱེས། གཤམ་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཨ་མདོ་ཉོ་ཚོང་ཚད་ཡོད་ཀུང་ཟིའི་འབྲེལ་ཡོད་མི་སྣ་བརྒྱུད་ནས། ཨ་མདོའི་སྦི་རག་གི་ཁྱད་ཆོས་དང་དགེ་མཚན་སྐོར་གྱི་གནས་ཚུལ་སྒྲ་བླངས་ནས་བཀོད་པར་གསན་རོགས།

གསར་འགོད་པ། གཡང་འབུམ་རྒྱལ། དཔའ་བརྟན་རྒྱལ། 

རྩོམ་འགན་པ། ཨ་བརྟན་རྒྱལ།

 ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།