མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་ཞེ་བཞི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་མིང་ཐོའི་ཁྲོད་ཚུད།
2019.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཉེ་ལམ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་དྲ་ཐོག་ནས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་སོགས་སྡེ་ཁག་གི་ཀྲུང་གོའི་སྐོར་ཁག་ལྔ་བའི སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་པའི་གྲོང་སྡེའི་མིང་ཁྱབ་བསྒྲགས་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་པ་དང་། བསྡོམས་པས་མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་ཞེ་བཞི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད། དེའི་ཁྲོད་ཟི་ལིང་གྲོང་ཁྱེར་གྱི་སྡེ་བ་གཉིས་དང་མཚོ་ཤར་གྲོང་ཁྱེར་གྱི་སྡེ་བ་ཉེར་བཞི། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་བ་བརྒྱད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་བ་གཉིས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་བ་བརྒྱད་བཅས་ཡོད།

མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་སྡེ་བའི་མིང་ཐོ་ཁྲོད་འཇོག་པའི་སྡེ་བའི་སྲུང་སྐྱོབ་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་པ་དང་། གསར་སྤེལ་ཐལ་དྲགས་བྱེད་པ་དང་རྨོངས་ཚོད་ཀྱིས་འཛུགས་སྐྲུན་བྱེད་པ། བསྒྱུར་བཀོད་བྱེད་ཚད་མི་འདང་བ་སོགས་འཛུགས་སྐྲུན་རང་བཞིན་གྱི་གཏོར་བརླག་ལ་བཀག་འགོག་བྱེད་ཆེད། ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཉེ་སྔོན་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་སྲོལ་རྒྱུན་སྡེ་བ་སྲུང་སྐྱོབ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་ཇུས་གཞི་འགྲེམ་སྤེལ་བྱས་ནས། སྲོལ་རྒྱུན་སྡེ་བའི་སྲུང་སྐྱོབ་འཛུགས་སྐྲུན་བྱེད་པའི་སྤྱིའི་བསམ་ཕྱོགས་དང་གཞི་རྩའི་རྩ་དོན། བྱ་བའི་དམིགས་འབེན། ཆེད་དངུལ་ཁ་གསབ་ཁྱབ་ཁོངས་དང་ཁ་གསབ་ཚད་གཞི་གཏན་ཁེལ་གསལ་བོ་བྱས།

སྡེ་བ་ཞེ་བཞི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་བཞག་པའི་རྨང་གཞིའི་སྟེང་། གོ་རིམ་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་མུ་མཐུད་དུ་སྲོལ་རྒྱུན་སྡེ་བའི་ཞིབ་འཇུག་དང་སྲུང་སྐྱོབ་ལ་ཤུགས་བསྣན་ནས། བརྟག་བཤེར་ཡིག་ཚགས་འཛུགས་པ་དང་ཡིག་ཐོག་སྙན་ཞུ་ལ་སྲུང་སྐྱོབ་བྱེད་པའི་བྱ་བ་སྤེལ་རྒྱུ་ཡིན་པ་དང་། ཆ་སྡེབས་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་དོ་དམ་ཚོད་འཛིན་ལ་ཤུགས་བསྣན་ནས། རིགས་མི་འདྲ་བའི་རྨང་གཞི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཞུ་སྒྲིག་ཆས། ཁོར་ཡུག་བཅོས་སྐྱོང་ལས་གཞི་དང་སྲོལ་རྒྱུན་སྡེ་བའི་རྣམ་པ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སྲོལ་རྒྱུན་སྡེ་བའི་རྣམ་པའི་ཚོད་འཛིན་རེ་བ་དང་མཐུན་པར་བྱེད་རྒྱུ་རེད། དེ་དང་མཉམ་དུ་སྡེ་བའི་ཐོན་ཁུངས་དང་དཔལ་འབྱོར། འགྲིམ་འགྲུལ་སོགས་ཆ་རྐྱེན་ལ་རྐང་བཙུགས་ཏེ། སྡེ་བའི་ཐོན་ཁུངས་ཐེག་འཁུར་ནུས་པ་དང་དཔལ་འབྱོར་གྱི་འདེགས་སྐྱོར་ནུས་པ། སྡེ་དམངས་ཀྱི་དང་ལེན་ནུས་པ་དང་སྡེ་བའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས།