མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་བཅུ་བདུན་པ།༼གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ལོ་ངོ་བཞི་བཅུའི་རིང་ལ་ས་གནས་སློབ་གསོའི་འཕེལ་རྒྱས་ལ་ནུས་པ་བླ་ལྷག་ཐོན།༽
2019.07.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 694


གསར་འགོད་པས་གཅན་ཚ་རྫོང་སློབ་གསོ་ཅུའུ་ཡི་འགོ་བ་ཏུང་ཧྲིན་ལ་བཅར་འདྲི་བྱེད་ཀྱིན་པ།

གསར་འགོད་པས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རྒྱ་མཚོ་ལ་བཅར་འདྲི་བྱེད་ཀྱིན་པ། 

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་འཇམ་དཔལ་གྱིས་བཅར་འདྲི་དང་ལེན་བྱེད་ཀྱིན་པ། 

གསར་འགོད་པས་མཐོ་འབྲིང་གི་སློབ་གྲོགས་བདེ་སྐྱིད་ལྷ་མོར་བཅར་འདྲི་བྱེད་ཀྱིན་པ། 

སློབ་གྲྭའི་མཛེས་རྩལ་དགེ་རྒན་གྱིས་ཡུལ་དངོས་ནས་བྲིས་པའི་ཡིག་གཟུགས། 

སློབ་གྲོགས་དག་གིས་བྲིས་པའི་རི་མོ།


སྤྱི་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན། ང་ཚོ་མཛེས་པའི་བོད་ཡུལ་འགྲིམ་པའི་བཅར་འདྲི་ཚན་ཆུང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སོང་ནས། གཅན་ཚ་རྫོང་གི་ས་གནས་སློབ་གསོའི་འཕེལ་རྒྱས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་དང་བཅར་འདྲི་བྱས་པ་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ་གཅན་ཚ་རྫོང་ལ་མཚོན་ན། སློབ་གྲྭ་ཆུང་འབྲིང་གི་སློབ་སྒྲུབ་ཐབས་ལམ་དང་སློབ་གསོའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཕྱོགས་གང་ཅིའི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ལ། དེའི་ནང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་ནི་སློབ་གྲྭ་འཛུགས་པའི་དུས་ཚོད་ཅུང་སྔ་ཞིང་། ས་གནས་སློབ་གསོའི་འཕེལ་རྒྱས་ལའང་ནུས་པ་ཡང་བླ་ལྷག་ཐོན་འདུག་པས། གསར་འགོད་པས་སློབ་གྲྭ་དེའི་སློབ་སྒྲུབ་ཁ་ཕྱོགས་དང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ངོས་ནས་གང་འདྲ་ཡིན་པའི་ཐད། རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཏུང་ཧྲིན་དང་།  རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་རྒྱ་མཚོ་སོགས་ལ་བཅར་འདྲི་བྱས་པ་ཡིན། 

སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཏུང་ཧྲིན་གྱིས་ང་ཚོར་གཅན་ཚ་རྫོང་གི་སློབ་གསོ་སྤྱིའི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་སོང་། 


སློབ་གཙོ་རྒྱ་མཚོ་ལགས་ཀྱིས་བཤད་པ་ལྟར་ན། སློབ་གྲྭ་འདི་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་བཙུགས་ཤིང་། མིག་སྔར་དམའ་འབྲིང་དང་མཐོ་འབྲིང་གི་ལོ་རིམ་དྲུག་དང་འཛིན་གྲྭ་སོ་ལྔ་ཡོད་ལ། སློབ་མ་གཅིག་སྟོང་བདུན་བརྒྱ་ཉེར་གཉིས་ལྷག་ཡོད། སློབ་གྲྭ་འདི་བཙུགས་ནས་ད་ལྟའི་བར་དུ་མཐོ་འབྲིང་མཐར་ཕྱིན་སློབ་མ་ལྔ་སྟོང་དྲུག་བརྒྱ་སོ་བརྒྱད་དང་། དམའ་འབྲིང་མཐར་ཕྱིན་སློབ་མ་བདུན་སྟོང་བདུན་བརྒྱ་རེ་བརྒྱད་ལྷག་ཡོད། མཐར་ཕྱིན་སློབ་མ་དེ་དག་གིས་སྤྱི་ཚོགས་ཀྱི་ལས་རྐང་སོ་སོ་རུ་བྱ་བ་སྒྲུབ་བཞིན་ཡོད་པ་དང་། དེའི་ནང་ཁུལ་རིམ་པའི་འགོ་ཁྲིད་དང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། འབུམ་རམས་པ་སོགས་ཀྱང་གང་མང་ཡོད་ཟེར།

གཅན་རྫོང་མི་རིགས་སློབ་འབྲིང་གིས་གོང་རིམ་གྱི་སྲིད་ཇུས་ཀྱི་རོགས་འདེགས་འོག་ཏུ། སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སློབ་གྲྭའི་མལ་ཁང་དང་ཟ་ཁང་། དེ་མིན་ལུས་རྩལ་ར་བ་དང་། ལག་ལེན་གླིང་། དཔེ་མཛོད་ཁང་སོགས་ཀྱི་ཆ་རྐྱེན་ཤིན་ཏུ་བཟང་བ་མ་ཟད། སློབ་སྒྲུབ་ཀྱི་མཐུན་རྐྱེན་དེ་དག་ལ་བརྟེན་ནས། ད་ལྟ་སློབ་གྲྭའི་ནང་དུ་བསླབ་ཚན་གཙོ་བོ་ཁག་ཕུད་པའི་རོལ་དབྱངས་དང་མཛེས་རྩལ། རྩལ་སྦྱོང་སོགས་ཀྱི་བསླབ་ཚན་ལ་ཡང་ཤུགས་བསྣན་ནས། མཐོ་རྒྱུགས་སྐབས་སུ་བསླབ་ཚན་དེ་དག་གི་ཆེད་ལས་ལ་རྒྱུགས་འཕྲོད་པའི་སློབ་མའི་ཚད་ཀྱང་སྔོན་ཆད་ལས་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ཟེར།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་འདིར་མཚོན་ན། སློབ་གྲྭའི་སློབ་སྒྲུབ་ཀྱི་ཐབས་ལམ་ངོས་ནས། སློབ་ཁང་སློབ་ཁྲིད་ཀྱི་རྨང་གཞིའི་སྟེང་དུ། སློབ་མས་འབྲེལ་ཡོད་བསླབ་ཚན་གྱི་ཤེས་བྱ་དག་ཚོད་ལྟ་ཁང་དུ་ལག་ལེན་བྱེད་པ་དང་། དཔེ་མཛོད་ཁང་དུ་རྒྱུ་ཆ་འཚོལ་བསྡུ་བྱེད་པ་སོགས་ཕྱོགས་གང་ཅིའི་ཐད་མཐུན་རྐྱེན་བླ་ལྷག་འཛོམས་ཡོད་ལ། ཁྱད་པར་སློབ་གྲྭའི་མཛེས་རྩལ་སློབ་ཁྲིད་ཕྱོགས་ནས་ཐང་གའི་ཐིག་རིས་ཀྱི་ཆ་ཚད་གློག་ཀླད་དུ་བཟོས་ཤིང་། བརྙན་རིས་ལས་སློབ་མ་དག་ལ་ཐང་ག་སྒྱུ་རྩལ་གྱི་འབྲི་བཞེངས་ཐད་གཞོགས་འདེགས་བྱེད་པའི་ཐབས་ལམ་ནི་གཞན་ལ་མེད་པའི་ཆེས་ཕུལ་བྱུང་གི་ཁྲིད་ཐབས་ཤིག་ཡིན། དེ་མིན་ད་དུང་ཐེན་ཅིན་གྱི་སློབ་གྲྭ་ལྔ་ལྷག་ལ་མཉམ་འབྲེལ་བྱས་ཏེ། ནང་ལོགས་ཀྱི་སློབ་གྲྭའི་དགེ་རྒན་དག་གདན་ཞུ་བྱས་ནས་སློབ་གྲྭའི་རིག་ཚན་དང་རྩིས་ཚན་གྱི་ཕྱོགས་བསྡུས་ཆུ་ཚད་མཐོར་འདེགས་སུ་བཏང་བ་དེས་སློབ་ཁྲིད་ཀྱི་རྒྱུ་སྤུས་སྔར་ལས་ཇེ་ལེགས་སུ་བཏང་ཡོད།

གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་འཇམ་དཔལ་ལགས་ཀྱིས་བཤད་རྒྱུར། ཁོ་ནི་སློབ་གྲྭ་འདིའི་ནང་མཐོ་འབྲིང་མཐར་ཕྱིན་པའི་སློབ་མ་ཞིག་ཡིན་ལ། སློབ་མཐར་ཕྱིན་རྗེས་ཕྱིར་མ་ཡུམ་སློབ་གྲྭའི་ནང་ཡོང་ནས་དགེ་རྒན་གྱི་ལས་ཀ་གཉེར་བ་ཡིན། སློབ་གྲྭ་འདིའི་ནང་གི་བོད་ཡིག་དགེ་རྒན་དག་གཙོ་བྱས་ཏེ། དགེ་རྒན་མང་ཆེ་ཤོས་སྔོན་ཆད་སློབ་གྲྭ་འདིའི་ནང་མཐོ་འབྲིང་མཐར་ཕྱིན་པའི་སློབ་མ་ཏག་ཏག་ཡིན་ལ། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་དང་སློབ་གསོའི་འཕེལ་རྒྱས་ལོ་རེ་ནས་ལོ་རེར་ཇེ་ལེགས་སུ་འགྲོ་བ་མིག་གིས་མཐོང་ན་སེམས་ནས་སྐྱིད་པོ་རེད་ཟེར། གཞན་མཐོ་གཉིས་འཛིན་གྲྭའི་སློབ་གྲོགས་བདེ་སྐྱིད་ལྷ་མོས་བཤད་རྒྱུར། ང་ཚོའི་སློབ་གྲྭའི་ནང་ཟ་ཁང་དང་མལ་ཁང་། ལུས་རྩལ་ར་བ་སོགས་ཅི་ཡང་འཛོམས་པ་མ་ཟད། སློབ་མའི་འཚོ་བ་ཡང་ཕུན་སུམ་ཚོགས་པ་རེད། ད་ལྟ་སློབ་སྦྱོང་ལ་འབད་པ་བྱེད་རྒྱུ་ལས་གཞན་དཀའ་ངལ་ཅི་ཡང་ཡོད་པ་མ་རེད། འདི་དག་ཡོད་ཚད་རང་གི་ཕ་མ་དང་དགེ་རྒན་གྱི་དྲིན་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་བླ་མེད་ཐུགས་འཁུར་ལ་རགས་ལས་པས། ངས་སློབ་སྦྱོང་ལ་འབད་པ་བྱས་ནས་ཁོ་ཚོར་ངོ་གནོངས་མི་དགོས་པ་ཞིག་བྱ་རྒྱུ་ཡིན་ཟེར།

དེ་ལྟར་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གིས་ལོ་ངོ་བཞི་བཅུའི་རིང་ལ། གཅན་ཚ་རྫོང་གི་སློབ་གསོའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་ཡོད་ལ། ཉེ་བའི་ལོ་འདི་དག་ལ། སློབ་གྲྭའི་རྨང་གཞིའི་སྒྲིག་ཆས་དང་སློབ་ཁྲིད་ཀྱི་རྒྱུ་སྤུས། དགེ་རྒན་གྱི་དཔུང་སྡེ་སོགས་སྔར་ལས་ཇེ་ལེགས་སུ་གྱུར་པས། ཏང་གི་སྲིད་ཇུས་ཀྱི་ཉི་འོད་ཀློང་ན་སློབ་མ་རེ་རེའི་ཕུགས་བསམ་ལ་ལྗང་མདོག་གི་ས་བོན་འདེབས་བཞིན་དཀའ་ཐུབ་ཀྱི་ཀློང་ན་བརྩོན་སེམས་ཀྱིས་མདུན་སྐྱོད་བྱེད་ཀྱིན་མཆིས།

གསར་འགོད་པ་དང་རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། གཡང་འབུམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ།ཕྱུག་ལོ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། རྣ་བྷ།