མཛེས་པའི་བོད་ཡུལ་འགྲིམ་པའི་ཁག་ཉེར་དྲུག་པ།༼ སྡེ་སྲོལ་དམངས་ཆིངས་ཀྱི་ཐིག་ཤིང་།༽
2019.07.26 ཁུངས། ཀློག་གྲངས། 203


མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ཐར་ཤུལ་ཞང་གིས་སྡེ་བའི་སྤྱི་ཚོགས་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ། སྡེ་བའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཆེད་དུ། གཅིག་དགུ་གོ་དྲུག་ལོར་སྡེ་སྲོལ་དམངས་ཆིངས་ཤིག་གཏན་འབེབས་བཟོས་ཤིང་། དུས་ཡུན་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྡེ་སྲོལ་དམངས་ཆིངས་དེར་སྒྱུར་བཅོས་རབ་དང་རིམ་པ་བྱས་ཏེ། སྡེ་དམངས་སྒྲིག་སྲོལ་གྱི་གཏན་འབེབས་རྣམ་གཞག་དེ་འཐུས་ཇེ་ཚང་དང་ཁྱད་ཆོས་འབུར་ཐོན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། 

ཐར་ཤུལ་སྡེ་བའི་སྔོན་ཆད་ཀྱི་རྒྱན་གོས་ཆ་ལུགས། 

ཐར་ཤུལ་ཞང་གིས་སྡེ་སྲོལ་དམངས་ཆིངས་ལ་བརྟེན་ནས་སྡེ་བའི་དམངས་ཚིས་ལ་ཕན་པའི་བྱ་གཞག་གང་མང་བསྒྲུབས་པ་མ་ཟད། སྡེ་དམངས་ཀྱི་ཡུལ་སྲོལ་ངན་པ་དག་ཐེར་དང་བྱ་ངན་སྤྱོད་ངན་ཚོད་འཛིན་བྱས་ནས། བཅའ་ཁྲིམས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ལ། རྩ་ཁྲིམས་དང་མཐུན་ཞིང་སྡེ་བ་རང་གི་དངོས་ཡོད་གནས་ཚུལ་དང་འཚམ་པའི་མང་ཚོགས་ཁྲིམས་ལྟར་རང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་མངོན་ཡོད། 

    ཀོས་ནན་རྫོང་ཐར་ཤུལ་ཞང་ཐར་ཤུལ་སྡེ་བར་རུ་ཁག་གསུམ་ཡོད་ལ། ཁྱིམ་ཚང་ཉིས་བརྒྱ་གྱ་བདུན། མི་གྲངས་སྟོང་གཅིག་སུམ་བརྒྱ་གོ་བདུན་ཡོད། ཐར་ཤུལ་སྡེ་བས་སྡེ་སྲོལ་དམངས་ཆིངས་དེ་གཏན་འབེབས་བྱས་རྗེས། སྡེ་བའི་ནང་གི་ལོ་ན་རྒན་པའི་མི་དྲུག་ཅུ་ལྷག་རྩ་འཛུགས་བྱས་ཤིང་། རྩ་འཛུགས་མི་སྣ་དག་གིས་རེས་འཁོར་གྱི་རྣམ་པས་སྡེ་བའི་སྣང་ཚུལ་མི་ལེགས་པ་ཅི་ཡོད་ལ་ལྟ་རྟོག་བྱེད་པ་དང་།གལ་ཏེ་སྡེ་བའི་ནང་གི་སྡེ་མི་ཞིག་གིས་སྣང་ཚུལ་མི་ལེགས་པ་བཟོ་བ་མཐོང་ཚེ་མྱུར་ཏུ་སྡེ་བའི་རྩ་འཛུགས་ཚོ་ཆུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་བརྒྱུད་ནས་ཐག་གཅོད་བྱས་ཤིང་། ཕྱིན་ཆད་དོན་དག་དེ་ལྟ་བུ་མི་བཟོ་བའི་ཁས་ལེན་བྱེད་དུ་བཅུག་པས། ད་ལྟ་སྡེ་བའི་ནང་དུ་འཁོན་རེས་རྡུང་རེས་བྱེད་པ་དང་ཤོ་རྒྱག་པ། ཆང་འཐུང་བའི་མི་གཅིག་ཀྱང་མཐོང་རྒྱུ་མེད་པའི་སྣང་ཚུལ་བཟང་བོ་མངོན་འདུག 

 ཉིས་སྟོང་དྲུག་ལོ་ནས་བཟུང་། ཐར་ཤུལ་སྡེ་བས་རང་གི་སྡེ་སྲོལ་དམངས་ཆིངས་དེ་སྔར་ལས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་ནས། སྡེ་བའི་ནང་དུ་གསེར་དངུལ་གཡུ་བྱུར་གྱི་རྒྱན་ཆ་ཉོ་བ་ཚད་ལས་བརྒལ་བ་དང་། ཆང་བག་མེད་དུ་འཐུང་བ། རྒྱན་འཇོག་པ་སོགས་ཀྱི་སྣང་ཚུལ་མི་ལེགས་པ་རྣམས་དག་ཐེར་དང་ཡོ་བསྲང་བྱས་ཤིང་། བྱ་སྤྱོད་དེ་དག་སྡེ་སྲོལ་དམངས་ཆིངས་ཀྱི་གྲས་སུ་བཞག་ནས་སྡེ་དམངས་ཀྱི་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་ལ་ཚོད་འཛིན་གང་ལེགས་བྱས་པས། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དག་གི་དཔལ་འབྱོར་གྱི་ཁུར་བོ་ཇེ་ཡང་ལ་བཏང་ཞིང་། སྡེ་བ་ཧྲིལ་བོ་ཆ་སྙོམས་ཀྱིས་འབྱོར་ཕྱུག་གི་ལམ་དུ་སྐྱོད་པར་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཐོན་པས། ཐར་ཤུལ་སྡེ་བའི་སྡེ་སྲོལ་དམངས་ཆིངས་དེ་ཕྱི་སྡེ་བའི་སྨོན་ཡུལ་དང་ནང་སྡེ་མིས་ངོམ་བྱ་རུ་གྱུར། 


བཅོས་སྒྱུར་རྗེས་ཀྱི་རྒྱན་གོས་ཆ་ལུགས་ཀྱི་རྣམ་པ། 

ཉིས་སྟོང་བཅོ་ལྔ་ལོ་ནས་བཟུང་། ཐར་ཤུལ་ཞང་གིས་ཐར་ཤུལ་སྡེ་བའི་སྡེ་སྲོལ་དམངས་ཆིངས་ཀྱི་རྨང་གཞིའི་སྟེང་། སྡེ་བ་སོ་སོར་གཏན་འགོག་ལྔ་དང་ཁས་བླངས་གཅིག་གི་རྩ་དོན་གཏན་འབེབས་དང་ཁྱབ་གདལ་བཏང་བ་ལས། ཐར་ཤུལ་ཞང་གི་ཞིང་སྡེ་དར་སྤེལ་དང་ཞིང་སྡེའི་སྤྱི་ཚོགས་བརྟན་འཇགས་ཡོང་བ་མ་ཟད། ཞིང་སྡེ་དཔལ་འབྱོར་སྤྱི་ཚོགས་དེ་གཏན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་ཐོན། དེའི་སྐོར་ནས་ང་ཚོས་གཤམ་གྱི་བརྙན་རིས་བརྒྱུད་ནས་རྒྱུས་ལོན་ཞིག་བྱས་ན། 

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐར་ཤུལ་ཞང་ཐར་ཤུལ་སྡེ་བས་སྡེ་སྲོལ་དམངས་ཆིངས་དེ་དུས་ཡུན་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་སྒྱུར་བཅོས་བྱས་པ་དང་འཕེལ་རྒྱས་སུ་བཏང་ཞིང་། དེས་སྡེ་བའི་སྤྱི་ཚོགས་བརྟན་འཇགས་དང་དཔལ་འབྱོར་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་ཐོན་ཐུབ་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད་པ་མ་ཟད། ཞིང་སྡེ་དར་སྤེལ་དང་འཛུགས་སྐྲུན་ཕྱོགས་སུ་བཅའ་ཁྲིམས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་ནས། རྩ་ཁྲིམས་དང་མཐུན་ཞིང་སྡེ་བའི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ་སྡེ་དམངས་རང་སྐྱོང་བྱེད་པའི་ཐད་དཔེར་སྟོན་གྱི་ནུས་པ་གལ་ཆེན་ཐོན་ཡོད། 

གསར་འགོད་པ། གཡང་འབུམ་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། ལྷ་བརྟན། 

སྤྱིའི་ལྟ་སྐུལ་བ། རྣ་བྷ།