ཟླ་བདུན་པའི་ཚེས་ཉེར་ལྔ་ཉིན། བརྗིད་ཉམས་ལྡན་པའི་ལོ་ངོ་བདུན་ཅུ། འབད་འཐབ་ཀྱི་དུས་རབས་གསར་བ་ཅེས་པ་བརྗོད་གཞི་ཡིན་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྲོལ་རྒྱུན་རྟ་རྩལ་འགྲན་སྡུར་དང་སྐབས་བཞི་བའི་ཡུལ་ཤུལ་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རིག་གནས་དུས་ཆེན་སྟེ་དུས་ཆེན་སུམ་འཛོམས་ཀྱི་སྟོན་མོ་གཟབ་རྒྱས་ངང་རོལ་འགོ་བརྩམས། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་རིགས་སོ་སོའི་མང་ཚོགས་དང་ཡུལ་སྐོར་བ་དག་ཡུལ་ཤུལ་གྲོང་ཁྱེར་བྱ་ཤུལ་ཁོག་རྟ་རྒྱུགས་ར་བར་མཉམ་གཅིག་ཏུ་འཛོམས་ནས། མིག་གི་ལོངས་སྤྱོད་དུ་གྱུར་བའི་མི་རིགས་དགའ་སྟོན་འདིར་ཉམས་སུ་མྱངས།
ཡུལ་ཤུལ་དུ་ལོ་རེར་ཐེངས་གཅིག་རེ་སྤེལ་བའི་ཆེས་གཟབ་རྒྱས་ཀྱི་དུས་ཆེན་བྱ་འགུལ་གྲས་ཀྱི་གཅིག་ཡིན་པས། དུས་ཆེན་གསུམ་གྱིས་ཡུལ་ཤུལ་གྱི་རིག་གནས་ཡུལ་སྐོར་གཟུགས་བརྙན་བསྐྲུན་པ་དང་། ཕྱོགས་བསྡུས་སྟོབས་ཤུགས་མཐོར་འདེགས་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། འགོ་རྩོམ་མཛད་སྒོའི་སྟེང་དུ། རྟ་རྩལ་པ་བདུན་ཅུའི་གདོང་ལ་དཔའ་ཉམས་ཀྱིས་ཁེངས་ཤིང་ཅང་ཤེས་ཁ་ལོ་བསྒྱུར་ནས་མདུན་དུ་བསྐྱོད། དེས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རིགས་སོ་སོའི་མང་ཚོགས་འབུམ་བཞི་དང་ཁྲི་གཅིག་གིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོར་པར་དགའ་བསུ་བྱེད་པ་དང་། མཚོ་སྔོན་བཅིངས་འགྲོལ་བཏང་ནས་ལོ་འཁོར་བདུན་ཅུ་ལོན་པར་སྤྲོ་བ་རབ་ཏུ་རྒྱས་པའི་བརྩེ་སེམས་མཚོན། དེ་ལས་གཞན། ཡུལ་ཤུལ་ཁུལ་གྲོང་ཁྱེར་དང་རྫོང་གི་འཐུས་ཚབ་པ་དག་གིས་གེ་སར་ལོ་རྒྱུས་སྙན་ངག་གི་སྒྲུང་དང་། སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན། ཞིང་འབྲོག་ཁུལ་གྱི་དམངས་སྲོལ་རིག་གནས་འགྲེམས་སྟོན་སོགས་ཀྱི་ལྟད་མོ་བཤམས་ནས། ལྟད་མོ་བའི་མིག་མདུན་དུ་མི་རིགས་རིག་གནས་ཀྱི་དྲི་མ་མ་ཡལ་བའི་འཁྲབ་སྟོན་རྒྱ་ཆེན་པོ་བྱེད་རྒྱུ་རེད།
རྒྱུན་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་ཉིན་ལྔ་ལ་སྤེལ་རྒྱུ་ཡིན་པ་དང་། སྐབས་དེར་ད་དུང་རྒྱན་གོས་འཁྲབ་སྟོན་དང་། ཞབས་བྲོ་རིགས་སྣ་ཚོགས། གླུ་གཞས་དགོང་ཚོགས། མེ་དཔུང་སྐོར་བྲོའི་དགོང་ཚོགས་སོགས་ཕུན་སུམ་ཚོགས་པའི་བྱ་འགུལ་སྤེལ་ནས། ཡུལ་ཤུལ་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་སུ་མངོན་རྒྱུ་རེད།