ཤར་རྨ་རྒྱལ་སྦོམ་རའི་འདབས་རོལ་ན་གངས་རི་ཡུལ་ཚོ་ཞེས་པ་ཞིག་ཡོད།གནའ་སྔ་མོ་ཞིག་ནས་བཟུང་སྟེ་ཡུལ་ཚོ་དེ་ནི་གཡས་ཁོག་དང་གཡོན་ཁོག་ཟེར་བའི་ལུང་པ་གཉིས་ཀྱི་འདུས་མདོ་ན་ཆགས་ཡོད་ཅིང་། ས་དེའི་རྒན་པ་རྣམས་ཀྱི་ངག་རྒྱུན་དུ་ལུང་པ་དེ་གཉིས་ནི་ཨ་མྱེས་རྨ་རྒྱལ་སྦོམ་རའི་ཕྱག་གཉིས་ཡིན་པའི་བཤད་སྲོལ་ཡོད། གཡས་ཁོག་གི་ལུང་པའི་ནང་དུ་གཡས་ཆུ་ཟེར་བའི་ཆུ་མདོག་དཀར་པོ་ཞིག་འབབ་ཀྱིན་ཡོད་ལ་གཡོན་ཁོག་གི་ལུང་པའི་ནང་དུ་གཡོན་ཆུ་ཟེར་བའི་ཆུ་བོ་ནག་པོ་ཞིག་འབབ་ཀྱིན་ཡོད། སྤྱིར་ང་ཚོ་ལྷ་སྒྲུང་ལྟ་བུའི་ངག་རྒྱུན་དེ་དག་དང་རིང་དུ་གྱེས་ཏེ་རྗེས་དཔག་གི་བློ་ཡིས་ཅུང་ཙམ་དཔྱད་པས་ཀྱང་ཆུ་སྣ་དེ་གཉིས་ཀྱི་ཁ་དོག་ནི་རང་རང་འབབ་ཡུལ་གྱི་ས་གཤིས་དང་ཆུ་མགོ་སོགས་ལ་འབྲེལ་བ་ཡོད་པ་གཞི་ནས་དཔོག་ནུས་ནའང་། གཡས་ཆུ་དང་གཡོན་ཆུ་གཉིས་ཀྱི་འདྲེས་མཚམས་སུ་ག་ལེར་འགྲེངས་ཏེ་ཞིབ་ཏུ་བལྟས་ཚེ། དངོས་གནས་ཇ་ནག་འོ་མར་འདྲེས་པ་ལྟ་བུའི་མཚར་སྣང་ཞིག་དབང་མེད་དུ་སྟེར་གྱིན་འདུག
གཡས་ཆུ་དང་གཡོན་ཆུ་གཉིས་ཀྱི་འདྲེས་མཚམས།
གཡས་ཁོག་ལུང་པའི་ཆུ་རྒྱུན་དེད་དེ་ཡར་ཕྱོགས་སུ་ཅུང་ཙམ་སོང་ཚེ་ད་གཟོད་མཛོ་མོ་དགུ་འཕྲང་ཟེར་བའི་འཕྲང་རིང་འཇིགས་སུ་རུང་བ་ཞིག་ལ་སླེབས་ཐུབ་ཅིང་། སྐྱི་གཡའ་བའི་འཕྲང་ལམ་དེའི་སྐེད་ན་ཁ་རལ་སྣ་རལ་དུ་སོང་བའི་ལམ་རྙིང་ཞིག་གངས་རི་ཡུལ་ཚོའི་ཕྱོགས་ལ་སྐྱ་ཤ་ལེར་འཐེན་འདུག རེད་དེ། ད་ནི་ངས་འཆད་པར་བྱ་བའི་གཏམ་རྒྱུད་དེའི་མགོ་ཡང་འཕྲང་ལམ་འདི་དང་འབྲེལ་ནས་དངོས་སུ་རྩོམ་དགོས་པ་ཞིག་ཡིན།
ལོ་རབས་བདུན་ཅུ་བར་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་དང་མཉམ་དུ་དངོས་སུ་ལམ་ལས་སུ་ཞུགས་མྱོང་བའི་རྒན་པོ་རྒུ་ལོ་ཡིས་སྐབས་དེའི་གནས་ཚུལ་ལ་ཕྱིར་དྲན་བྱེད་ཞོར་གསར་འགོད་པར་ཁ་བརྡ་བྱེད་བཞིན་པ།
གངས་རི་ཡུལ་ཚོ་ཟེར་བའི་ཡུལ་ཚོ་ཆུང་ཆུང་དེ་ནི་ཅུང་སྔ་མོ་ཞིག་ནས་བཟུང་སྟེ་ལུང་པ་ཟབ་མོ་ཞིག་གི་ཞབས་ན་ཆགས་ཡོད་པས་ཁོ་ཚོའི་ཕ་མེས་ཡང་མེས་ནས་མི་རབས་དུ་མའི་རིང་ལ་ཕར་འགྲོ་ཚུར་འོང་བྱེད་པར་འགྲིམ་འགྲུལ་གྱི་སྟབས་ཤིན་ཏུ་མི་བདེ་བར་གྲགས། དེ་བས་ཁོ་ཚོས་རྒྱུན་པར་སྣ་རྟ་སོགས་ལ་བཀལ་འགེལ་བྱེད་པར་བརྟེན་ནས་འཚོ་བའི་མཁོ་ཆས་སྣ་ཚོགས་སྐྱེལ་འདྲེན་བྱེད་ཐབས་ཙམ་བྱེད་བཞིན་ཡོད། ཡིན་ནའང་ས་དེའི་ཡུལ་མི་རྣམས་རྫོང་མཁར་དང་ཕྱི་ཕྱོགས་གང་རུང་དུ་དོན་དག་ཅི་ཞིག་བསྒྲུབ་ཏུ་འགྲོ་དགོས་ན་ངེས་པར་དུ་མཛོ་མོ་དགུ་འཕྲང་ཞེས་པའི་འཕྲང་ལམ་དོགས་མོ་དེ་ཅིས་ཀྱང་བརྒྱུད་དགོས་ཡོད། སྤྱིར་ན་འཕྲང་ལམ་དེའི་རིང་ཚད་ལ་སྤྱི་ལེ་ལྔ་བཅུ་ལྷག་ཙམ་གྱི་ལམ་ཐག་ལས་མེད་ནའང་སྣ་རྟ་དེད་ནས་སོང་ཚེ་ཉིན་གསུམ་གྱི་རིང་ལ་འགྲོ་དགོས་ཤིང་། སྐབས་དེ་དག་ཏུ་སྣ་རྟ་དང་དེའི་རྒྱབ་ཀྱི་ཅ་དངོས་དག་གཡང་ལ་ལྷུང་བའི་དོན་དག་ཀྱང་རྒྱུན་པར་འབྱུང་བཞིན་ཡོད་པར་མ་ཟད། མིའི་ཚེ་སྲོག་ལ་གྱོང་གུད་ཐེབས་པའི་གནས་ཚུལ་ཡང་མང་དུ་གླེང་རྒྱུ་ཡོད།ཡིན་ནའང་རང་བྱུང་གི་ཁོར་ཡུག་སྡུག་པོ་དེའི་མདུན་དུ་ས་དེའི་མི་རྣམས་དུས་ཡུན་རིང་བོར་གཉོམ་ཆུང་དང་ནུས་མེད་སྒོས་མི་འདུག་ཐུ་མེད་དུ་གྱུར་ཡོད།
ལོ་རབས་བདུན་ཅུ་བར་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་དང་མཉམ་དུ་དངོས་སུ་ལམ་ལས་སུ་ཞུགས་མྱོང་བའི་རྒན་པོ་མ་ཚེ་ཡིས་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་དང་འབྲེལ་བའི་གནས་ཚུལ་སྐོར་གླེང་བཞིན་པ།
རང་རེའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་མང་པོ་མ་སོང་བའི་སྐབས་ཤིག་སྟེ།སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ང་དྲུག་ལོར་མགོ་ལོག་རྟ་བོ་ས་ཁུལ་དུ་ཐའོ་ཀྲིན་ཧྭ་ཟེར་བའི་ལས་བྱེད་པ་ཞིག་ཡོང་། ཁོའི་ཕ་ཡུལ་ནི་ཧྲན་ཞི་ཞིང་ཆེན་ཡོན་ཁྲིན་གྲོང་ཁྱེར་ཡོས་ཞིང་གྲོང་རྡལ་ཆིན་ཧྭ་སྡེ་བ་ཡིན་ཞིང་། ལོ་ངོ་མང་པོའི་རིང་ལ་ཁོས་མགོ་ལོག་གི་ས་ཁུལ་མང་པོ་ཞིག་ཏུ་བྱ་བ་བསྒྲུབས་མྱོང་ཞིང་། གཅིག་སྟོང་དགུ་བརྒྱ་དོན་བཞི་ལོར་གངས་རི་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར། ཁོས་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་བ་ནས་བཟུང་རྟ་ལ་ཞོན་ནས་ཀྱང་ཡོང་ཐབས་དཀའ་བའི་གངས་རི་ཡུལ་ཚོའི་བགྲོད་པར་དཀའ་བའི་མཛོ་མོ་དགུ་འཕྲང་ཁོག་གི་ལམ་གྱི་གནས་ཚུལ་དེ་ནི་ཁོའི་བྱ་བའི་ཁྲོད་ཀྱི་ཆེས་དཀའ་ཁག་ཆེ་བའི་གནད་དོན་གཙོ་བོ་ཞིག་ཏུ་གྱུར། སྐབས་དེར་གངས་རི་ཡུལ་ཚོའི་རྗེས་ལུས་ཀྱི་འཚོ་བའི་རྣམ་པ་དེ་བསྒྱུར་དགོས་ན། ཐོག་མར་ཅི་ནས་ཀྱང་འགྲིམ་འགྲུལ་སྟབས་བདེ་བའི་ལམ་ཞིག་ཡོད་རྒྱུ་ནི་རྩ་བའི་རྩ་བར་གྱུར་ཡོད་པས། ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡིས་གངས་རི་ཡུལ་ཚོ་ཟེར་བའི་མགོ་ཐོག་གི་གནམ་སྔོན་པོ་མ་གཏོགས་ཅི་ཡང་མི་མཐོང་བར་གཏིང་ཟབ་པའི་ལུང་ཞབས་དེ་རུ་ཐབས་ཆག་གི་འཚོ་བ་རོལ་བཞིན་པའི་ཡུལ་མི་ཚོའི་འཚོ་བའི་གནས་སྟངས་སྡུག་པོ་དེ་ལ་ཁ་ལོ་བསྒྱུར་བར་སེམས་ཐག་བཅད། ཁོས་གཡས་ཁོག་དང་གཡོན་ཁོག་ཟེར་བའི་གངས་རི་ཡུལ་ཚོའི་སྡེ་བ་དེ་གཉིས་ཀྱི་མི་བཞི་བཅུ་ལྷག་རྩ་འཛུགས་བྱས་ནས་མཛོ་མོ་དགུ་འཕྲང་ཁོག་ཏུ་སྡེ་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་ཐུབ་པའི་ལམ་ཞིག་ལས་རྒྱུར་ཐོག་མའི་འཆར་གཞི་འཐེན་ཏེ། མཛོ་མོ་དགུ་འཕྲང་དེད་ནས་ཡར་ཙམ་སོང་བའི་སར་འབྲུག་མོའི་སྦྲ་ཕུབ་ཟེར་བའི་ས་ཆ་ཞིག་ཡོད་པ་དེ་རུ་ལམ་ལས་པའི་བཀོད་འདོམས་པུའུ་བཙུགས་ནས། གོང་རིམ་ནས་ལས་ཀར་བྱང་ཆ་ལྡན་པའི་མི་ལྔ་གདན་འདྲེན་བྱས་ཤིང་། དེ་དག་གིས་ཉིན་མང་པོའི་རིང་དུ་སྡེ་བ་གཉིས་ནས་བསྡུ་རུབ་བྱས་པའི་འབྲོག་པ་བཞི་བཅུ་བོར་འཇོར་དང་ལྕགས་ཁེམ་བཟུང་ནས་ལས་ཀ་གཉེར་སྟངས་སྐོར་གྱི་སྦྱོང་བརྡར་བྱས་རྗེས་དུས་ཡུན་རིང་བོར་གཡང་གཟར་གྱིས་ཁེངས་པའི་འགག་འཕྲང་དེ་རུ་ལམ་ལས་བྱ་བར་དངོས་སུ་ཞུགས།
སྐབས་དེར་ལམ་ལས་སུ་བཀོལ་སྤྱོད་བྱས་པའི་ལག་ཆའི་སྐོར།
སྐབས་དེར་ལམ་ལས་སུ་བཀོལ་སྤྱོད་བྱས་པའི་ལག་ཆའི་སྐོར།
ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡིས།ལས་ཀ་ལས་ནས་ཏང་དང་མི་དམངས་ལ་བྱས་རྗེས་ཤིག་འཇོག་ཐུབ་ན་ཚེ་སྲོག་ཤོར་ཡང་སྐྱོན་མེད་ཟེར་བའི་ཁོའི་སྐད་ཆ་དེ་ནི་སྐབས་དེའི་གུང་ཁྲན་ཏང་ཡོན་ཞིག་གི་བླ་མེད་ཀྱི་སྤོབས་པ་དང་སྙིང་སྟོབས་མཚོན་ཡོས་པས།ཁོས་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་འབྲོག་པ་མང་ཚོགས་སྐོར་ཞིག་ཁྲིད་ནས། འཇོར་དང་ལྕགས་ཁེམ་ཙམ་གྱི་ཐབས་རྡུགས་ཀྱི་ལག་ཆར་བརྟེན་ནས། མཛོ་མོ་དགུ་འཕྲང་ཁོག་ཏུ་ཁོད་ཡངས་པའི་ལམ་ཞིག་ཐོག་མར་ཕྱེས།
ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡིས་རྨ་ཆེན་གངས་རིའི་འདབས་རོལ་གྱི་འཕྲང་ལམ་རིང་མོ་འདིར་མི་རྣམས་ཀྱི་བློ་ཡུལ་ལས་འདས་པའི་གཏམ་རྒྱུད་ཅིག་དེ་ལྟར་བྲིས་རྗེས། ད་ལྟ་ཁོ་རང་མི་ཡུལ་འདི་དང་གཏན་དུ་གྱེས་ཟིན་ནའང་། གངས་རིའི་མི་དམངས་ཀྱིས་ནམ་ཡང་ཁོ་རང་བརྗེད་མི་སྲིད་ལ་ཁོ་རང་གླེང་ཞིང་ཁོ་རང་དྲན་བཞིན་ཡོད།
ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡི་སྙིང་སྟོབས་དང་མི་གཞི་ལ་རྒྱུས་ལོན་བྱས་ནས་སྐབས་འདིར་ཐོན་དུས། ང་རང་གཞི་ནས་མཛོ་མོ་དགུ་འཕྲང་ཁོག་ཏུ་སོང་ནས་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་དང་ས་དེའི་ཡུལ་མི་འདས་པོ་མང་པོ་ཞིག་གི་རྔུལ་ཁྲག་གིས་བསྐྲུན་པའི་ལམ་བུ་དེ་ལ་ཐེངས་གཅིག་ལྟ་འདོད་ཀྱི་འདུན་པས་ཡོངས་སུ་སྐུལ་བས་གཡས་ཆུ་ལྷུང་ལྷུང་འབབ་པའི་བཞུར་རྒྱུན་དེད་ནས་མཛོ་མོ་དགུ་འཕྲང་ཕྱོགས་སུ་ཆས་པ་ཡིན། གནས་དེར་ཐོན་དུས་འཇིགས་སུ་རུང་བའི་མཛོ་མོ་དགུ་འཕྲང་གི་བྲག་དང་ཐེམ་པའི་བར་ན། དྭངས་གཙང་དང་བརྩེ་སེམས་ཀྱིས་བརྐྱངས་པའི་ཁ་བཏགས་དཀར་པོ་ཡུག་གཅིག་དང་འདྲ་བའི་ལམ་བུ་ཞིག་གངས་རི་ཡུལ་ཚོའི་ཕྱོགས་ལ་སྐྱ་ཤ་ལེར་འཐེན་པའི་རྣམ་པ་དེ་མཐོང་དུས། ལམ་བུ་དེའི་སྟེང་དུ་སྣ་རྟ་དེད་པའི་འབྲོག་མི་སྐོར་ཞིག་རྒྱང་ནས་རྒྱང་ལ་བཞུད་བཞིན་པའི་སྣང་བ་ཞིག་ཀྱང་བཅོས་མིན་དུ་སྐྱེས་བྱུང་།
ཧྲུའུ་ཅི་ཐའོ་ཀྲིན་ཧྭ་དང་མཉམ་དུ་དངོས་སུ་ལམ་ལས་སུ་ཞུགས་མྱོང་བའི་རྒན་པོ་མ་ཚེ་ཡིས་སྐབས་དེར་ལས་པའི་མཛོ་མོ་འགག་འཕྲང་གི་ལམ་གྱི་ཟུར་ཞིག་ངོ་སྤྲོད་བྱེད་བཞིན་པ།
གངས་རི་ཞང་གཡས་ཁོག་སྡེ་བའི་སྡེ་དཔོན་རྡོ་རྗེ་ཚེ་རིང་གིས། ཁོ་ཚོའི་སྡེ་བ་དེ་ལ་སྔོན་ཞིག་ནས་བཟུང་སྟེ་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡི་མི་གཞི་དང་སྙིང་སྟོབས་ཀྱིས་བག་ཆགས་མཐུག་པོ་བཞག་ཡོད་པས་བྱ་བ་ཅི་ཞིག་ཡིན་ཡང་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས་མཉམ་ལས་དང་མཉམ་རྒྱལ་བྱེད་པའི་སྲོལ་བཟང་ཞིག་ཆགས་ཡོད་ཟེར་བ་ནང་བཞིན། གངས་རི་ཡུལ་ཚོ་ན་ས་གནས་དེའི་མང་ཚོགས་ཀྱིས་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ལ་རྗེས་དྲན་ཁང་ཞིག་བཞེངས་ཡོད་པའི་ཉེ་འགྲམ་དུ། གཡས་ཁོག་སྡེ་བ་དང་གཡོན་ཁོག་སྡེ་བ་གཉིས་ཀྱིས་ས་གནས་ཀྱི་ནོར་ནག་གི་འོ་མའི་ཐོན་ཁུངས་བེད་སྤྱད་ནས་རུ་གསར་མཉམ་ལས་ཁང་ཞེས་པ་ཞིག་བཙུགས་ཤིང་། དེ་རུ་འོ་མའི་འཁྱགས་སོབ་སྣ་ཚོགས་ཐོན་སྐྱེད་བྱས་ཏེ་དེང་རབས་ཀྱི་ཚོང་ལམ་སྣ་ཚོགས་ལ་བརྟེན་ནས་སྡེ་བ་གཉིས་ཀྱི་སྤྱི་ལ་དབང་བའི་འཚོ་བའི་འཕེལ་རྒྱས་ཀྱི་སྒོ་འཕར་གསར་བ་ཞིག་ངང་གིས་འབྱེད་ཀྱིན་འདུག
རུ་གསར་མཉམ་ལས་ཁང་དུ་འོ་མའི་ཐོན་རྫས་ལས་སྣོན་བྱེད་བཞིན་པ།
གཡས་ཁོག་སྡེ་བའི་རུ་གསར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་འབྲུ་ནག་འོ་མའི་འཁྱགས་སོབ།
གཡས་ཁོག་སྡེ་བའི་རུ་གསར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་འབྲུ་ནག་འོ་མའི་འཁྱགས་སོབ།
དེ་ནི་དེང་གི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་བའི་འཕེལ་རྒྱས་ཁྲོད། གངས་རིའི་མི་དམངས་ཀྱིས་ཧྲུའུ་ཅི་ཐའོ་ཀྲིན་ཧྭ་ཡིས་རང་ཉིད་ཀྱི་རྩོལ་བ་དང་ལག་ཟུང་ལ་བརྟེན་ནས་རང་གི་འཚོ་བ་དང་ལས་དབང་ལ་ཁ་ལོ་བསྒྱུར་དགོས་ཟེར་བའི་ཁོའི་མི་གཞི་དང་བླ་མེད་ཀྱི་བསམ་བློའི་སྙིང་སྟོབས་ལ་རྗེས་སུ་ཡི་རང་དང་དེ་རྒྱུན་བསྲིངས་པ་ཞིག་ཡིན་ནོ། །
གསར་འགོད་པ། གཡང་འབུམ་རྒྱལ། སྐལ་བཟང་རྣམ་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། ལྷ་བརྟན།
སྤྱིའི་ལྟ་སྐུལ་བ། རྣ་བྷ།