མཚོ་སྔོན་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་བྱེ་བ་བདུན་ལྷག་བཏང་།
2019.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་བཅུ་དགུ་ལོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་སྐོར་གཉིས་པའི་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་བདུན་དང་ས་ཡ་གསུམ་འབུམ་དྲུག་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས།

ཉེ་བའི་ལོ་འགའི་རིང་ལ། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་རིམ་བཞིན་ཇེ་མཐོར་སོང་བ་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་དང་དོ་དམ་དྲ་རྒྱའི་འཛུགས་སྐྲུན་གྱི་དགོས་མཁོ་ཆེ་ནས་ཆེ་རུ་སོང་བ་རེད།  དེ་བས།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་དང་དོ་དམ་དྲ་རྒྱའི་འཛུགས་སྐྲུན་ཐད་ཀྱི་མི་འདང་སར་དམིགས་ནས།   མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་འཛུགས་སྐྲུན་དགོས་མཁོ་ཆེ་བ་དང་། དངུལ་གཏོང་ཐད་དཀའ་ཁག་ཆེ་བ། མ་དངུལ་གྲབས་གསོག་གི་གནོན་ཤུགས་ཆེ་བ་བཅས་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་ཐེངས་མང་པོར་སྙན་ཞུ་ཕུལ་བ་དང་།  ད་ལོར་བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་བཞི་བཏང་སྟེ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་སྐྲུན་དང་། གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་དོ་དམ་དྲ་རྒྱའི་འཛུགས་སྐྲུན་ལས་གཞི་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་ལས་གཞི་འཛུགས་སྐྲུན་བྱས་པ་རེད།  ལས་གཞི་འདི་དག་ལག་བསྟར་བྱས་པ་བརྒྱུད་དེ།   ལས་གཞི་ཁུལ་གྱི་འཚོ་བའི་བཙོག་ཆུ་ཐག་གཅོད་ནུས་པ་ནུས་ཡོད་སྒོས་ཇེ་མཐོར་བཏང་བ་དང་།  བཙོག་ཆུ་ཕྱིར་འདོན་ཚད་ཇེ་ཉུང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་།

གོ་རིམ་རྗེས་མར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མུ་མཐུད་དུ་ལས་གཞིའི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ས་ཁུལ་སོ་སོས་མཆན་འགོད་དང་འཆར་གཞིའི་བླང་བྱ་ལྟར་ལས་གཞི་ལག་བསྟར་བྱེད་པ་དང་བཟོ་སྐྲུན་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་སོ་སོ་ཡོངས་འགྲུབ་བྱེད་པར་སྐུལ་སྤེལ་བྱེད་རྒྱུ་རེད།