ཞིང་ཆེན་ཚན་རྩལ་ཐིན་གྱིས་དབྱི་སི་རལ་གྱི་ཞིང་ལས་ཆེད་མཁས་པ་མཚོ་སྔོན་དུ་གདན་དྲངས་ནས་སློབ་ཁྲིད་བྱ་འགུལ་སྤེལ།
2019.08.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

མཚོ་སྔོན་ཞིང་ཆེན་དེ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་ཏུ་འཛུགས་སྐྲུན་བྱེད་པ་དང་ །  མཚོ་ཤར་གྲོང་ཁྱེར་གྱི་ཞིང་ལས་ཚན་རྩལ་ཆུ་ཚད་སྔར་ལས་ལྷག་པར་མཐོར་འདེགས་གཏོང་ཆེད་དང་།  ཞིང་ལས་ཚན་རྩལ་ཞིབ་འཇུག་མི་སྣའི་མིག་རྒྱ་ཡངས་པོར་ཕྱེ་བ་དང་སྔོན་ཐོན་དེང་རབས་ཀྱི་ཞིང་ལས་ལག་རྩལ་སློབ་སྦྱོང་བྱེད་པར་དམིགས་ནས།  ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་ལྔ་ཉིན་བར།  ཚན་རྩལ་པུའུ་ཀྲུང་གོ་རྒྱལ་སྤྱིའི་འཇོན་མི་བརྗེ་རེས་མཐུན་ཚོགས་དང་དབྱི་སི་རལ་ཕྱི་འབྲེལ་པུའུ་རྒྱལ་སྤྱིའི་མཉམ་འབྲེལ་ལྟེ་གནས་མྰ་ཧྲ་ཧྥུའུ་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག  ཞིང་ཆེན་ཚན་རྩལ་ཐིན་གྱིས་མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་རུ་དབྱི་སི་རལ་གྱི་ལག་རྩལ་ཆེད་མཁས་པ་མཚོ་སྔོན་དུ་གདན་དྲངས་ནས་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ལག་རྩལ་གྱི་སློབ་ཁྲིད་བྱ་འགུལ་སྤེལ།  མཚོ་ཤར་གྲོང་ཁྱེར་སོགས་རྫོང་དང་ཆུའུ་དྲུག་གི་ཞིང་ལས་ལག་རྩལ་རྒྱ་ཁྱབ་ཏུ་སྤེལ་བ་དང་ཞབས་ཞུ་བྱ་བའི་ལས་མི་བདུན་ཅུ་ལྷག་ཆེད་ལས་ལག་རྩལ་མི་སྣའི་གསོ་སྦྱོང་ལ་ཞུགས།

སློབ་ཁྲིད་བྱ་འགུལ་གྱི་དུས་ཡུན་ཉིན་གསུམ་གྱི་ནང་།  དབྱི་སི་རལ་གྱི་འབྲེལ་ཡོད་ཆེད་ལས་མཁས་པས་གསོ་སྦྱོང་ལ་ཞུགས་པའི་མི་སྣར་དབྱི་སི་རལ་སྔོན་ཐོན་གྱི་ཆུ་གྲོན་ཆུང་བྱེད་པའི་ཆུ་གཏོང་ལག་རྩལ་དང་།  འཛམ་གླིང་སྔོན་ཐོན་གྱི་ཐག་གཅོད་ཇུས་གཞི་སོགས་མཚམས་སྦྱོར་བྱས་ནས།  གསོ་སྦྱོང་མི་སྣར་བརྗེ་རེས་ཞིབ་བསྡུར་བྱས།  བྱ་འགུལ་མཇུག་སྒྲིལ་རྗེས།  དབྱི་སི་རལ་གྱི་ཆེད་མཁས་པས་གསོ་སྦྱོང་མི་སྣར་དབྱི་སི་རལ་མྰ་ཧྲ་ཧྥུས་མིང་རྟགས་བཀོད་པའི་སློབ་སྦྱོང་མཇུག་སྒྲིལ་དཔང་ཡིག་བྱིན།