རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཞིང་ལས་འདེགས་སྐྱོར་མ་ལག་ཐད་ལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་གསུམ་བཏང་།
2019.08.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཉིས་སྟོང་བཅུ་དགུ་ལོར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ལས་ཞིང་སྡེ་པུའུ་ཡིས་མཚོ་སྔོན་ཞིང་ཆེན་གྱི་དེང་རབས་ཞིང་ལས་འདེགས་སྐྱོར་མ་ལག་ཐད་ལ་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་དགུ་ཁྲི་གསུམ་བཏང་སྟེ་མཚོ་སྔོན་ཞིང་ཆེན་གྱི་འདེབས་གསོ་ལས་རིགས་དང་། སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ནུས་པ་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་ཀྱི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་ནུས་པ་མཐོར་འདེགས་གཏོང་བའི་ཉིས་སྟོང་བཅུ་བདུན་ལོ་ནས་ཉིས་སྟོང་བཅོ་ལྔ་ལོའི་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱས་རྗེས།  མཚོ་སྔོན་ཞིང་ཆེན་གྱིས་འབྲོག་ཁུལ་དུ་རྩྭ་ཐང་གི་སྐྱེ་དངོས་གནོད་སྐྱོན་སྔོན་བརྡའི་ལྟེ་གནས་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་པ་དང་།   སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་ལྟེ་གནས་གསུམ་དང་གཏན་འཇགས་རང་བཞིན་གྱི་རིམས་འགོག་སྨན་ཁབ་རྒྱག་ས་བདུན་བརྒྱ་ལྷག   གཞུང་ལམ་འགྲམ་གྱི་སྲོག་ཆགས་ལྟ་སྐུལ་ཞིབ་བཤེར་ས་ཚིགས་བཅུ་བཅས་ཀྱི་འཛུགས་སྐྲུན་ལེགས་གྲུབ་བྱུང་།   ཕྱུགས་སྨན་སྤུས་ཚད་དང་ཕྱུགས་སྨན་ལྷག་མའི་ཞིབ་དཔྱད་ཚོད་ལྟ་ཁང་དང་། ལོ་ཏོག་གི་ནད་འབུའི་རིམས་ནད་བྱུང་ཡུལ་གྱི་ལྟ་ཞིབ་ཡན་ལག་ལྟེ་གནས་སོགས་ལས་གཞི་དག་འཛུགས་སྐྲུན་བྱེད་བཞིན་ཡོད།

ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་འགན་ཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན།   དེང་རབས་ཞིང་ལས་འདེགས་སྐྱོར་མ་ལག་གི་ནུས་ཡོད་འགན་སྲུང་གིས་མཚོ་སྔོན་ཞིང་ཆེན་གྱི་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་མ་ལག་གི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱས་པ་དང་།  ནད་འབུའི་གནོད་པ་ཚབས་ཆེན་དང་།  རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་ལྟ་ཞིབ་དང་ངོས་འཛིན།  འགོག་བཅོས་ཀྱི་ནུས་པ་མངོན་གསལ་གྱིས་ཇེ་དྲག་ཏུ་སོང་སྟེ་ཞིང་ལས་ཐོན་སྐྱེད་བདེ་འཇགས་དང་ཞིང་ཐོན་དངོས་རྫས་ཀྱི་སྤུས་ཚད་བདེ་འཇགས།  སྤྱི་བའི་འཕྲོད་བསྟེན་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས་བཅས་ཐད་ལ་འགན་སྲུང་བྱས་པ་དང་།  ཞིང་ལས་ཞིང་སྡེའི་དཔལ་འབྱོར་གཏན་འཇགས་དང་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏང་ཟེར།