མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གིས་རྒྱུན་མཐུད་སྒོས་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་དང་ཁོར་ཡུག་བཙོག་བཟོ་ཇེ་ཉུང་ལས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྔོན་ལ་འགྲོ་བ་རྒྱུན་འཁྱོངས་དང་ཤུགས་ཆེན་པོས་རི་ཆུ་གཅིག་འདྲེས་ཀྱི་སྐྱེ་ཁམས་ཁོར་ཡུག་དང་བདེ་སྐྱིད་བག་ཕེབས་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན་བྱས་ཏེ་རྫོང་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུ་སྤུས་ཇེ་མཐོར་བཏང་།
དར་ལག་རྫོང་གིས་འགུལ་སྐྱོད་ལས་གཞི་ལག་བསྟར་བྱས་ཏེ་ལོ་དང་པོར་ཐོག་མའི་གྲུབ་འབྲས་མངོན་པ་དང་ལོ་གཉིས་པར་གནད་ཆེ་བརྒལ་བ། ལོ་གསུམ་པར་ཕྱོགས་ཡོངས་ནས་ལེགས་འགྲུབ་འབྱུང་བའི་དམིགས་འབེན་ལྟར། ཐོག་མར་ཁུལ་ཡོངས་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་དང་མངའ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།
2017ལོ་ནས་ད་ལོའི་བར་དུ་དར་ལག་རྫོང་གིས་རང་འགུལ་གྱིས་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་ལྷག་བསགས་ཏེ་ཡུལ་མིའི་སྡོད་གནས་ཁ་ཤས་དང་སློབ་གྲྭ དབུལ་སྐྱོར་ཐོན་ལས་གླིང་བཅས་སུ་གཙང་སེལ་དང་དྲོད་རླངས་འདོན་པ་སོགས་ཀྱི་རྣམ་པས་ལས་གཞི་ལག་བསྟར་བྱས་པ་དང་། ཐུན་མོང་གིས་བེད་སྤྱོད་བྱེད་པའི་འཐུང་ཆུའི་ཐོན་ཁུངས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་སྤྱོད་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བ་ལག་བསྟར་བྱས།
2017ལོར་དར་ལག་རྫོང་གིས་རོང་འབྲོག་ཕྱོགས་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་ལ་སྒོར་ས་ཡ་གཉིས་ལྷག་བཏང་སྟེ་བརླན་ས་རྨིད་གྲུ་བཞི་མ་སྟོང་དྲུག་ལྷག་སླར་གསོ་བྱས། ཕྱོགས་ཡོངས་ནས་འབྲོག་ཁུལ་སྡོད་དམངས་ཀྱི་གད་སྙིགས་གཙང་བཤེར་བྱས་ལ། ལོ་གཉིས་ཀྱི་ནང་དུ་གད་སྙིགས་ཏུན་འབུམ་གཉིས་ལྷག་གཙང་སེལ་བྱས་ལ་གྲོང་བརྡལ་དང་སྡེ་བ། དགོན་པ་སོགས་གཞུང་ལམ་གཙོ་བོའི་ཉེ་འགྲམ་གྱི་གད་སྙིགས་ལ་ནུས་ལྡན་བཅོས་སྐྱོང་བྱས་ཏེ་རྫོང་མཁར་གྱི་ཁོར་ཡུག་རྣམ་པ་ཇེ་ལེགས་སུ་བཏང་།