(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའི་དགོང་ཚོགས་དེ་སྤྱི་ཟླ8པའི་ཚེས30ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་ཡོངས་སུ་མཇུག་སྒྲིལ། བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གཏོང་བ་ལ་དམིགས་ནས། རྒྱ་ཆེ་བའི་དམངས་ཁྲོད་གླུ་བ་གླུ་མ་དག་ལ་ཆེད་དུ་བསྐྲུན་པའི་གར་སྟེགས་ཤིག་ཡིན་ཅིང་། ད་ལྟའི་བར་སྔ་ཕྱིར་ཐེངས་གཉིས་ལ་སྤེལ་ནས་བོད་ཀྱི་དམངས་གླུ་དང་དམངས་གླུའི་རིག་གནས་རྒྱུད་འཛིན་དར་སྤེལ་ལ་ནུས་པ་སྔ་ན་མེད་པ་ཞིག་ཐོན་དང་འདོན་བཞིན་ཡོད་པར་མ་ཟད། རྒྱ་ཆེའི་ལྟ་མཁན་ཡོངས་ཀྱིས་ཆེས་དགའ་བསུ་ཐོབ་བཞིན་པའི་བརྙན་འཕྲིན་རིག་རྩལ་ལེ་ཚན་ཞིག་ཏུ་གྱུར་ཡོད་པ་རེད།
དགོང་ཚོགས་སྟེང་ཕེབས་ཡོད་པའི་འབྲེལ་ཡོད་མགོ་ཁྲིད་ལྷན་རྒྱས།
མདོ་འཛིན་པ་སྒྲོལ་མ་སྐྱབས་དང་ཚེ་རིང་ལྷ་མོ་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།
མདོ་འཛིན་པ་སྒྲོལ་མ་སྐྱབས་དང་དཔལ་སྐྱིད་འཚོ་གཉིས་ཀྱིས་མདོ་འཛིན་བྱེད་བཞིན་པ།
བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་ཨ་མདོ་བརྙན་འཕྲིན་གྱིས་གཙོ་སྒྲུབ་དང་། རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་བརྙན་འཕྲིན་ཁང་། མཚོ་བྱང་ཁུལ་བརྙན་འཕྲིན་ཁང་། མགོ་ལོག་ཁུལ་བརྙན་འཕྲིན་ཁང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བཅས་ཀྱིས་རོགས་སྒྲུབ་གནང་བའི་བོད་ཀྱི་དམངས་གླུའི་འགྲན་ཚོགས་ཆེན་མོ་ཞིག་ཡིན་ཅིང་། འགྲན་ཚོགས་ལ་ཟི་ཁྲོན་འགྲན་ཁུལ་ནས་འགྲན་ཞུགས་པ19དང་། ཀན་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ39མཚོ་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ49རྨ་ལྷོ་འགྲན་ཁུལ་ནས་འགྲན་ཞུགས་པ36མཚོ་ནུབ་འགྲན་ཁུལ་ནས་འགྲན་ཞུགས་པ37མཚོ་བྱང་འགྲན་ཁུལ་ནས་འགྲན་ཞུགས་པ41མགོ་ལོག་འགྲན་ཁུལ་ནས་འགྲན་ཞུགས་པ26དཔའ་རིས་འགྲན་ཁུལ་གྱི་འགྲན་ཞུགས་པ59བཅས་ཁྱོན་བསྡོམས་འགྲན་ཞུགས་པ306ཞུགས་ཡོད་པ་རེད།
བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་དང་པོ་ཐོབ་མཁན་གླུ་བ་ཆོས་སྐྱོང་སྐྱབས་ལ་བྱ་དགའ་གནང་བཞིན་པ།
བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་གཉིས་པ་ཐོབ་མཁན་གླུ་བ་ཚེ་མཁར་རྒྱལ་དང་བཟང་པོ་གཉིས་ལ་བྱ་དགའ་གནང་བཞིན་པ།
བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཨང་གསུམ་པ་ཐོབ་མཁན་གླུ་བ་བསོད་ནམས་སྟོབས་ལྡན་དང་གླུ་མ་ལྷ་སྐྱིད་རྒྱལ། གླུ་མ་གཟུངས་མཚོ་བཅས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བྱ་དགའ་ཐོབ་པའི་གླུ་བ་གླུ་མ་རྣམས་ལ་བྱ་དགའ་གནང་བཞིན་པ།
མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འགྲན་ཁུལ་བརྒྱུད་ནས་འགྲན་ཞུགས་པ་སུམ་བརྒྱ་ལྷག་ཞུགས་ཡོད་པའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་དེ་སྤྱི་ཟླ6པའི་ཚེས18ཉིན་མཚོ་ལྷོ་འགྲན་ཁུལ་ནས་ཐོག་མར་མགོ་བརྩམས་ཏེ་འགྲན་ཁུལ་སོ་སོ་ནས་ཛ་དྲག་ཆེ་བའི་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་སྤྱི་ཟླ8པའི་ཚེས25ནས་ཉིན་བཞི་ཡི་རིང་ལ་གནའ་མཁར་ཟི་ལིང་ནས་བསྐྱར་འགྲན་དང་རྟིང་རྩོད་ཀྱི་རིམ་པ་སོགས་བརྒྱུད་དེ་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་འགྲན་སྡུར་གྱི་བརྒྱུད་རིམ་ཆ་ཚང་ཡོངས་སུ་རྫོགས་པ་ལེགས་པར་གྲུབ་ནས་བཀྲ་ཤིས་པའི་ངང་མཇུག་བསྡུས་ཤིང་། ཚེས30ཉིན་གྱི་དགོང་མོའི་ཚུ་ཚོད་བདུན་དང་ཕྱེད་ཀའི་སྟེང་བྱ་དགའ་སྟེར་བའི་དགོང་ཚོགས་གཟབ་རྒྱས་ངང་བསྡུས་ནས། བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་སྟེང་བྱ་དགའ་ཐོབ་པའི་འགྲན་ཞུགས་པའི་མིང་གསལ་བསྒྲགས་བྱས་པ་མ་ཟད་རེ་རེ་བཞིན་བྱ་དགའ་གནང་ནས་བཀྲ་ཤིས་བདེ་ལེགས་བདེ་ཞུས།།
གླུ་བ་རྡོ་རྗེ་བཀྲ་ཤིས་ཀྱིས་གླུ་གཞས་ཀྱི་མཆོད་པ་འབུལ་བཞིན་པ།
གླུ་མ་སྐྱིད་བྱམས་ཀྱིས་ངག་སྙན་མོ་དབྱངས་ལ་འགུག་བཞིན་པ།
གླུ་བ་སྟོབས་ཆེན་རྒྱལ་གྱིས་གླུ་གཞས་ཀྱི་མཆོད་པ་འབུལ་བཞིན་པ།
གླུ་བ་ཆོས་སྐྱོང་སྐྱབས་ཀྱིས་གླུ་ཡིས་མཆོད་པ་འབུལ་བཞིན་པ།
གླུ་བ་བཟང་པོས་གླུ་ཡིས་མཆོད་པ་འབུལ་བཞིན་པ།
གླུ་མ་རྒྱ་ཏིག་སྒྲོལ་མས་ངག་སྙན་མོ་དབྱངས་ལ་འགུག་བཞིན་པ།
སྟག་ཤར་རྣམས་ཀྱིས་ཕོ་རྩལ་སྣ་དགུ་ངོམ་བཞིན་པ།
སྨན་ཤར་རྣམས་ཀྱིས་གར་གྱི་སྟངས་སྟབས་རྒྱུ་བཞིན་པ།
ལྟད་མོ་བའི་ཚོགས།
མང་ཚོགས་རྣམས་ཀྱིས་བྱ་དགའི་དགོང་ཚོགས་དགའ་བས་བསུ།
ཐེངས་འདིའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའི་དགོང་ཚོགས་སྟེང་གི་དཔྱད་འདེམས་པ་དང་གླུ་བ་གླུ་མ་ཡོངས།