མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་འདབས་འབྲེལ་ཁུལ་བཞི་ཡི་སྲིད་གྲོས་གྲོས་མོལ་ཚོགས་འདུ་ཐེངས་གཉིས་པ་པད་མ་ནས་བསྡུས།
2019.09.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་བརྒྱད་པའི་ཚེས་ཉེར་གཅིག་ཉིན།མཚོ་སྔོན་དང་ཀན་སུའུ། སི་ཁྲོན་གྱི་འདབས་འབྲེལ་ཁུལ་བཞི་ཡི་སྲིད་གྲོས་ཨུ་ཡོན་ཆེད་དོན་སྲིད་གླེང་གྲོས་མོལ་ཚོགས་འདུ་ཐེངས་གཉིས་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ནས་བསྡུས། སི་ཁྲོན་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དང་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་སྲིད་གྲོས་ཕྱོགས་སོ་སོ་ནས་ཡོང་བའི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་162ལྷག་གྲོས་ཚོགས་ལ་ཞུགས།

ཐེངས་འདིའི་ཆེད་དོན་གྲོས་ཚོགས་ཀྱིས་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་སྤྱི་སྟེགས་རྒྱ་བསྐྱེད་དང་ཕྱི་ཕྱོགས་འབྲེལ་འདྲིས་ཇེ་མང་། ཕན་ཚུན་ལ་མཉམ་འབྲེལ་དང་ཕན་ཚུན་སྐུལ་འདེད་སོགས་བརྗོད་གཞི་བྱས་ཏེ་དུས་རབས་གསར་བའི་ཁུལ་ཁོངས་མཉམ་འབྲེལ་གྱི་ཐབས་ལམ་གསར་བ་འཚོལ་ཞིབ་བྱས་ཏེ་མཉམ་དུ་དམངས་ཚིས་ལེགས་བཅོས་དང་དཔལ་འབྱོར་འཕེལ་རྒྱས། སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་དོ་དམ་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་གོང་འཕེལ་བཏང་སྟེ་ཕྱོགས་ཡོངས་ནས་མགོ་ལོག་གི་རྣམ་པ་གསར་བ་མངོན་ཐུབ་པར་བྱེད་དགོས་ཟེར།

ཉེ་བའི་ལོ་འདི་དག་གི་རིང་ལ་མགོ་ལོག་ཁུལ་གྱིས་སྤྱི་ཚོགས་བཅོས་སྐྱོང་དང་ལག་ལེན་འཚོལ་ཞིབ་ཐད་ནས་རྟོག་དཔྱོད་མང་པོ་བྱས་ཏེ་ཕྱིའི་འབྲེལ་འདྲིས་ཇེ་དྲག་ཏུ་བཏང་སྟེ་མཉམ་འཛུགས་མཉམ་བཅོས་མཉམ་སྤྱོད་དང་རང་སྐྱོང་ཁྲིམས་སྐྱོང་སྤྱོད་སྐྱོང་གི་གསུམ་སྐྱོང་གཞི་གཅིག་ཅན་གྱི་ཀྱི་སྤྱི་ཚོགས་རྣམ་པ་གྲུབ་པར་བྱེད་བཞིན་ཡོད།