ཞིང་ཆེན་ཡོངས་ཀྱི་གནས་སྤོར་དབུལ་སྐྱོར་གཟིགས་ཞིབ་ཚོགས་པས་མགོ་ལོག་ཁུལ་དར་ལག་རྫོང་དུ་གཟིགས་ཞིབ་མཛད།
2019.09.09 ཁུངས། ཀློག་གྲངས། 1706

རྒྱལ་ཡོངས་སུ་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བར་གྲུབ་འབྲས་བླ་མེད་ལེན་བཞིན་པའི་དུས་སྐབས་དང་བསྟུན་ནས། རང་ཞིང་གི་གནས་སྤོར་དབུལ་སྐྱོར་གཟིགས་ཞིབ་ཚོགས་པས་ཟླ་དགུ་བའི་ཚེས་དགུའི་ཉིན་མགོ་ལོག་ཁུལ་དར་ལག་རྫོང་གི་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་གཟིགས་ཞིབ་མཛད། ཐེངས་འདིའི་གཟིགས་ཞིབ་བྱ་བའི་སྟེང་རང་ཞིང་གི་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་མགོ་ཁྲིད་དང་མགོ་ལོག་ཁུལ་གྱི་མགོ་ཁྲིད། དེ་མིན་རང་ཞིང་གི་ཁུལ་དང་རྫོང་གཞན་དག་གི་འབྲེལ་ཡོད་མགོ་ཁྲིད་སོགས་མི་གྲངས་བརྒྱ་ལྷག་ཞུགས་ཡོད། 

དར་ལག་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དག་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ཏེ། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་དག་གིས་དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་ནན་ཏན་སྒོས་སྒྲུབ་དགོས་པའི་བླང་བྱ་བཏོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། དར་ལག་རྫོང་གིས་གནས་སྤོར་དབུལ་སྐྱོར་གྱི་ལས་གཞི་དངོས་འབེབས་དོན་འཁྱོལ་བྱས་པ་བརྒྱུད་ནས། དུད་ཁྱིམ༡༩༦༠ཡི་མི་གྲངས༧༩༧༩ཡོད་པ་ཚང་མ་རང་བྱུང་ཁོར་ཡུག་ལྟོས་བཅས་ཀྱིས་ཅུང་ལེགས་པ་དང་ཆུ་གློག་ལམ་གསུམ་གྱི་འཛུགས་སྐྲུན་ཆ་ཚང་བ། སློབ་གསོ་དང་འཕྲོད་བསྟེན་སོགས་སྤྱི་བའི་ཞབས་ཞུ་ལ་འཕེལ་རྒྱས་ལྡན་པའི་རྫོང་མཁར་དང་ཡང་ན་གྲོང་རྡལ་གྱི་ཉེ་འཁོར་དུ་གནས་སྤར་བ་དང་། དེའི་ཁྲོད་རྫོང་མཁར་དུ་གནས་སྤོར་འདུས་སྡོད་བྱས་པའི་དུད་ཁྱིམ༡༡༦༠དང་མི་གྲངས༤༥༦༨ཡོད། གྲོང་རྡལ་དུ་གནས་སྤོར་འདུས་སྡོད་བྱས་པའི་དུད་ཁྱིམ༨༠༠དང་མི་གྲངས༣༤༡༡ཡོད་པ་མཐའ་དག་མིག་སྔར་གནས་སྤར་ཏེ་འདུས་སྡོད་བྱས་ཡོད། དེ་མིན་དར་ལག་རྫོང་གིས་དབུལ་ཕོངས་ཁྱིམ་ཚང་གི་འཚོ་གནས་བརྟན་འཇགས་ཡོང་ཆེད། དངུལ་གཏོང་ཡོང་འབབ་ཡོངས་ཁྱབ་བྱེད་པ་དང་སྐྱེ་ཁམས་དོ་དམ་གྱི་ལས་གནས་བཀོད་སྒྲིག་བྱེད་པ། ལས་ཞུགས་བྱ་བར་གསོ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས། གནས་སྤར་ཟིན་པའི་མང་ཚོགས་ལ་རྗེས་མཐུད་རོགས་སྐྱོར་བྱེད་པ་དང་། གཞི་རྩའི་སྟེང་ནས་དབུལ་ཕོངས་ཁྱིམ་ཚང་གི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས་ཏེ། ཐོན་སྐྱེད་དང་ཡོང་འབབ་འཕར་སྣོན་བྱེད་པ་དང་དབུལ་ཐར་གྱི་དམིགས་འབེན་མངོན་འགྱུར་འབྱུང་བར་འབད་པ་གང་ལེགས་བྱས། 

ཐེངས་འདིའི་གཟིགས་ཞིབ་ཚོགས་པས་དར་ལག་རྫོང་གིས་ཉེ་བའི་ལོ་འདི་འགའི་རིང་དངོས་འབེབས་དོན་འཁྱོལ་བྱས་པའི་གནས་སྤོར་དབུལ་སྐྱོར་གྱི་བྱ་བ་གོ་རིམ་ལྡན་པའི་ངང་གཟིགས་ཞིབ་མཛད་ཅིང་། སྔ་རྗེས་སུ་གླིང་དཀར་སྡེ་ཁུལ་དང་འདན་མ་སྡེ་ཁུལ། ཐོན་ལས་ར་བ་གཉིས་པ་བཅས་སུ་སྐོར་སྐྱོད་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་འདུས་ཁུལ་གྱི་རྨང་གཞིའི་འཛུགས་སྐྲུན་དང་དབུལ་སྐྱོར་གྱི་གནས་ཚུལ་ཐད་ལ་རྒྱུས་ལོན་དང་རྟོག་ཞིབ་བྱས་ལ།  གཞན་ཡང་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འབྱུང་བར་གསར་འཛུགས་བྱས་པའི་རླངས་འཁོར་ཞིག་གསོ་ལྟེ་གནས་དང་སྔོ་ཚལ་ཕྱིར་འཚོང་ལྟེ་གནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཚོང་ལས་སྲང་ལམ། དར་ལག་རྫོང་ཁྲ་མོ་གླིང་རྒྱལ་སྤྱིའི་མགྲོན་ཁང་སོགས་ཀྱི་འཛུགས་སྐྲུན་དང་ཐོན་སྐྱེད། ཡོང་འབབ། འཕེལ་རྒྱས་བཅས་ཀྱི་ཐད་ལའང་གཟིགས་ཞིབ་གང་ལེགས་བྱས། 

ཞིང་ཆེན་ཡོངས་ཀྱི་གནས་སྤོར་དབུལ་སྐྱོར་གཟིགས་ཞིབ་ཚོགས་པས་མགོ་ལོག་ཁུལ་དར་ལག་རྫོང་དུ་གཟིགས་ཞིབ་མཛད་བཞིན་པ།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་མཱ་ཧྥིན་ཧྲིན་དང་མགོ་ལོག་ཁུལ་གྱི་ཁུལ་དཔོན་པད་རྒྱལ་བཀྲ་ཤིས་གཉིས་ཀྱིས་གཟིགས་ཞིབ་གནང་བཞིན་པ།

ཡུལ་དངོས་སུ་གཟིགས་ཞིབ་གནང་བཞིན་པ།