བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་མཇུག་བསྡུས་པ།
2019.09.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 93

ཉེ་ལམ་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་དང་མ་ཡུམ་མེས་རྒྱལ་ལ་མཆོད་བསྟོད་འབུལ་ཞེས་པ་བརྗོད་གཞི་ཡིན་པའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་དགོང་ཚོགས་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་བསྡུས་པ་དང་བསྟུན་ནས། ཟླ་ངོ་གསུམ་ལྷག་རིང་ལ་སྤེལ་བའི་བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་བདེ་ལེགས་ངང་མཇུག་བསྒྲིལ།

བོད་ཀྱི་དམངས་གླུ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཁྲོད་དུ་དུས་ཚོད་ཅུང་སྔ་བའི་ངག་རིག་སྒྱུ་སྩལ་ཞིག་ཡིན་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་ཐུན་མིན་གྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན། ཉིས་སྟོང་བརྒྱད་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རིམ་པ་གཉིས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་བཞག བཅོས་སྒྱུར་སྒོ་འབྱེད་བྱས་རྗེས་བོད་ཀྱི་དམངས་གླུ་ལ་གསར་རྩོམ་གྱི་ནང་དོན་དང་སྒྱ་རྩལ་གྱི་རྣམ་པ་སོགས་ལ་དུས་རབས་ཀྱི་ཁྱད་ཆོས་མངོན་གསལ་ཡོད་ལ་སྤྱི་ཚོགས་གསར་བའི་བོད་རིགས་མི་དམངས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་དང་མི་རིགས་མཐུན་སྒྲིལ། ཏང་གི་དམངས་ཕྱུག་སྲིད་ཇུས་སོགས་ལ་བསྟོད་པ་ཕུལ་ཡོད།

བོད་ཀྱི་དམངས་གླུ་འགྲན་སྡུར་སྐབས་གཉིས་པ་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་དང་ཨ་མདོ་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས་པ་ཡིན་ལ་མདོ་དབུས་ཁམས་གསུམ་གྱི་སྒྲ་སྙན་རྡུང་ལེན་འགྲན་སྡུར་གྱི་རྗེས་སུ་བསྒྲུབས་པའི་འགྲན་སྡུར་རང་བཞིན་གྱི་ལེ་ཚན་ཞིག་རེད། ཟླ་དྲུག་པའི་ཚེས་བཅུ་དྲུག་ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་དངོས་སུ་འགོ་བརྩམས་པ་དང་། བོད་ཁུལ་གྱི་ས་ཁུལ་ཆེན་པོ་བརྒྱད་ནས་འགྲན་ཞུགས་པ་ལྔ་བརྒྱ་ལྷག་གིས་མིང་ཐོ་བཀོད་ཞིང་འགྲན་ཞུགས་པ་བཞི་བརྒྱ་ལྷག་འགྲན་སྡུར་ལ་ཞུགས། རིམ་པ་སོ་སོའི་འགྲན་སྡུར་གྱི་གོ་རིམ་ཁྲོད་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲན་ཞུགས་པ་ཆོས་སྐྱོང་སྐྱབས་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་སི་ཁྲོན་ཞིང་ཆེན་རྔ་བ་འགྲན་ཁུལ་གྱི་འགྲན་ཞུགས་པ་བཟང་པོ་དང་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འགྲན་ཞུགས་པ་ཚེ་མཁར་རྒྱལ་གཉིས་ལ་ཨང་གཉིས་པ་ཐོབ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལྷ་སྐྱིད་རྒྱལ་དང་བསོད་ནམས་སྟོབས་ལྡན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་ས་ཁུལ་གྱི་གཟུངས་མཚོ་སོགས་ལ་ཨང་གསུམ་པ་ཐོབ།  ཀན་སུའུ་དཔའ་རིས་ས་ཁུལ་གྱི་དབང་མཚོ་སོགས་ལ་ཕུལ་བྱུང་འགྲན་ཞུགས་པའི་བྱ་དགའ་གནང་།

ཐེངས་འདིའི་འགྲན་སྡུར་གྱི་སྐབས་སུ་ཞིང་ཆེན་ཕྱི་ནང་གི་གཟུགས་འདུས་ཤུལ་བཞག་རྒྱུད་འཛིན་པ་བཅུ་ཡིས་དཔྱད་འདེམ་པ་ཡིས་འགན་བླངས། འགྲན་སྡུར་གྱི་གནས་ཚུལ་ཉིས་སྟོང་ཉི་ཤུ་ལོའི་བོད་ལུགས་ལོ་གསར་སྐབས་སུ་ཨ་མདོ་བརྙན་འཕྲིན་ནས་གཏོང་རྒྱུ་རེད།