མཚོ་ནུབ་ཁུལ་གྱིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་པར་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་བཏང་།
2019.10.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ད་ལོར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་མཐོར་འདེགས་གཏོང་བ་དང་། སྤྱི་ཐུན་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ། ཐོན་ལས་ལས་སྤེལ་ལ་བརྟེན་ནས་མང་ཚོགས་ཕྱུག་པོར་བསྒྱུར་བར་སྐུལ་འདེད་གཏོང་བ་བཅས་གཙོར་བྱས་ནས། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་བཏང་བ་དང་། རོང་འབྲོག་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་རྒྱུན་མ་ཆད་མཐོར་འདེགས་བཏང་ལ། ད་ལོར་སྟོབས་ཤུགས་ཡོད་རྒུ་བཏོན་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་ལྔའི་ཐད་ནས། མིག་སྔར་ཆེད་སྤྱོད་ཁ་གསབ་རོགས་དངུལ་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་དྲུག་དངོས་འབེབས་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་ནུབ་ཁུལ་གྱིས་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་མཐོར་གཏོང་ཆེད། 2019ལོའི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལ་ཟུང་འབྲེལ་བྱས་ནས་རོང་འབྲོག་ཁྱིམ་ཚང་ལྔ་བརྒྱའི་སྡོད་ཁང་ལེགས་བསྒྱུར་བྱེད་རྒྱུ་ཡིན་པ་དང་། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་སྐྲུན་དང་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་གྱི་མ་དངུལ་བར་གྱི་སྦྲེལ་མཐུད་ལ་སྔར་ལས་ཤུགས་བསྣན་ནས། ཚད་ཆེས་ཆེ་བའི་སྒོ་ནས་མ་དངུལ་གྱི་ཕན་ནུས་འདོན་སྤེལ་བྱེད་རྒྱུ་རེད། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་ལག་བསྟར་བྱེད་འགོ་བརྩམས་པའི་ཚུན་དུ། མཚོ་ནུབ་ཁུལ་གྱིས་བསྡོམས་པས་རིགས་མི་འདྲ་བའི་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་དགུ་ས་ཡ་གཅིག་བཏང་སྟེ། སྲིད་འཛིན་སྡེ་བ་ང་དྲུག་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་དང་། རོང་འབྲོག་ཁྱིམ་ཚང་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་སོ་བདུན་གྱི་སྡོད་ཁང་ཆ་རྐྱེན་ཇེ་ལེགས་སུ་བཏང་། དེ་དང་མཉམ་དུ། འཛུགས་སྐྲུན་སྡེ་བའི་སྡེ་དམངས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་སྐོང་ཆེད། མཚོ་ནུབ་ཁུལ་གྱིས་རྒྱུན་མ་ཆད་པར་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་སུ་བཏང་།

2019ལོའི་འཆར་གཞི་ལྟར་ན། མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སྡེ་བ་དྲུག་ལ་བྱ་འགུལ་ཐང་ཆེན་ལས་རྒྱུ་ཡིན་པ་དང་། སྡེ་བའི་རིམ་པའི་བྱ་འགུལ་ལྟེ་གནས་གཅིག་དང་གྱང་ར་རྨིད་སྟོང་བརྒྱད་ལྷག། རིག་གནས་ལུས་རྩལ་སྒྲིག་ཆས་ཆ་དྲུག་འཛུགས་སྐྲུན་བྱེད་རྒྱུ་ཡིན་ལ། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གཞི་གཉིས་ལག་བསྟར་བྱེད་རྒྱུ་རེད།

དེ་དང་མཉམ་དུ། ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱེད་རྒྱུ་དེ་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་འཆར་གཞི་བཟོ་རོགས་བྱས། ད་ལོར་གཙོ་བོར་ཐེམ་ཆེན་རྫོང་གི་ནོར་ལུག་ཤའི་ལས་སྣོན་ཐད་ཤུགས་བསྣན་པ་དང་། ན་གོར་མོ་གྲོང་ཁྱེར་དང་ཏུའུ་ལན་རྫོང་གི་འཕང་འབྲས་འདེབས་གསོ་ལས་སྣོན་སོགས་ཀྱི་སྣེ་ཁྲིད་དང་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ལ། གཙོ་ཁྲིད་ཐོན་ལས་སྐྱེད་སྲིང་བྱེད་པར་དམིགས་ནས། ཞིང་བས་རྣམ་པ་མང་བའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་དང་རྒྱབ་སྐྱོར་བྱས། ཚོང་རྫས་སྐྱེལ་འདྲེན་ལྟེ་གནས་འཛུགས་སྐྲུན་བྱེད་པར་འཚོལ་ཞིབ་བྱས་པ་དང་། དངུལ་རྩ་དང་འཕྲིན་གཏོང་། རིག་གནས་སོགས་འཚོ་བ་རང་བཞིན་གྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་སུ་བཏང་ལ། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་རྩོལ་ནུས་ར་བ་འཛུགས་སྐྲུན་བྱས་པ་དང་། ཧུར་ཐག་གིས་མང་ཚོགས་ཀྱི་ཐོན་སྐྱེད་ཆ་རྐྱེན་མཐོར་འདེགས་གཏོང་བར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་རྨང་གཞི་བརྟན་པོ་བཏིངས།