སྤུས་ལེགས་ཐང་ཀའི་འགྲེམ་སྟོན་དེ་སིང་ག་ཕོར་ནས་བསྡུས།
2019.10.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཐང་ཀའི་སྒྱུ་རྩལ་སྤུས་ལེགས་ཐོན་རྫས་འགྲེམ་སྟོན་དེ་ཟླ་བཅུ་བའི་ཚེས་དྲུག་ཉིན་སིང་ག་ཕོར་ཀྲུང་གོ་རིག་གནས་ལྟེ་གནས་ནས་སྤེལ་འགོ་བརྩམས་པ་དང་། འགྲེམ་སྟོན་བྱས་པའི་སྤུས་ལེགས་ཐང་ཀ་བརྒྱད་ཅུས་ལྟད་མོ་བ་མང་པོས་ཡིད་སེམས་བཀུག

སྤུས་ལེགས་ཐང་ཀའི་ཁྲོད་ཀྱི་ཐང་ཀ་ལྔ་བཅུ་ཀྲུང་གོ་མཚོ་སྔོན་རེབ་གོང་ས་ཆའི་ཀྲུང་གོའི་ལྷ་རིས་སྒྱུ་རྩལ་པ་ཆེན་མོ་ཤ་བོ་ཚེ་རིང་དང་དགེ་འདུན་དར་རྒྱས་གཉིས་ཀྱིས་བྲིས་པ་ཡིན་ལ། དེ་ལས་གཞན་ད་དུང་རྒྱ་གར་དང་བལ་བོ་རུ་བརྗེ་རེས་བྱེད་བཞིན་པའི་བོད་ལྗོངས་ཀྱི་ལྷ་རིས་པ་དང་འབར་མའི་ལྷ་རིས་པས་བྲིས་པའི་སྤུས་ལེགས་ཐང་ཀ་སུམ་ཅུ་ཡོད་པ་དང་། དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན།

ཀྲུང་གོའི་བཟོ་རྩལ་མཛེས་རྩལ་པ་ཆེན་མོ། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པ་དགེ་འདུན་དར་རྒྱས་ཀྱིས་འགོ་རྩོམ་མཛད་སྒོའི་སྟེང་ཐང་ཀ་སྒྱུ་རྩལ་གྱི་ཆེད་དོན་འཆད་ཁྲིད་གནང་བ་མ་ཟད། འགྲེམ་སྟོན་ཡུལ་དངོས་ཐང་ཀ་བྲིས།

ཐེངས་འདིའི་འགྲེམ་སྟོན་དེ་སིང་ག་ཕོར་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཀྲུང་གོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་ཀྱི་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བར་འགྲེམ་སྟོན་བྱེད་རྒྱུ་རེད།