《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ》པར་དུ་བསྐྲུན།
2019.10.09 ཁུངས། ཀློག་གྲངས། 0

མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་རྩོམ་སྒྲིག་བྱས་པའི《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ》ཞེས་པ་ཟླ9པའི་ཚེས30ཉིན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཏེ་ཞིང་ཆེན་ཡོངས་སུ་བཀྲམས། དཔེ་དེབ་འདི་ཉིད་ནི་མཚོ་སྔོན་གྱི་མི་རིགས་སྐད་ཡིག་ཚད་ལྡན་ཅན་བྱ་བའི་གཡུར་དུ་ཟ་བ་གྲུབ་འབྲས་ཤིག་གོ །
《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ》ཞེས་པ་འདི་ནི1999ལོ་ནས2019ལོ་སྟེ། ཉེ་བའི་ལོ20རིང་མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་འཚོལ་སྡུད་དང་། ཡིག་བསྒྱུར། ཞུས་བཤེར་གཏན་འབེབས་བགྱིས་ཏེ་ཁྱབ་བསྒྲགས་བྱས་པའི་བརྡ་ཆད་གསར་བ10000ལྷག་ལ་ཡང་བསྐྱར་ཞུ་དག་བྱས་ཤིང་ཕྱོགས་གཅིག་ཏུ་བསྡུས་ནས་རྩོམ་སྒྲིག་པར་སྐྲུན་བྱས་པ་ཞིག་ཡིན་ལ། དེབ་འདིའི་ནང་དོན་གཙོ་བོ་ནི་ཏང་སྲིད་གཞུང་ཡིག་དང་། དུས་ཐོག་གསར་འགྱུར། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བརྡ་ཆད་གསར་བ་ཡིན། ཡིག་བསྒྱུར་དང་ཞུས་བཤེར་གཏན་འབེབས་བྱེད་པའི་གོ་རིམ་ཁྲོད་དུ་ང་ཚོས“སྔོག གཏོད། གཡོར”གྱི་གཞི་རྩའི་རྩ་དོན་གཞིར་བཟུང་ཞིང་། རྒྱ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་བརྟེན་ནས་སྒྲ་བསྒྱུར་དང་། དོན་བསྒྱུར། ཐད་བསྒྱུར། སྣོན་བསྒྱུར། འཕྲི་བསྒྱུར་སོགས་ཀྱི་བསྒྱུར་ཐབས་གང་ལ་གང་འཚམ་སྤྱད་དེ། གང་ནུས་ཀྱིས་ཐ་སྙད་གཅིག་ལ་བསྒྱུར་ཡིག་མང་དུ་མི་འབྱུང་བར་བྱས་ཡོད་ཅིང་། བརྡ་ཆད་རེ་རེའི་ཡིག་བསྒྱུར་ནི་བསམ་འཆར་གང་མང་སྡུད་ལེན་དང་ཡང་ཡང་བརྟག་ཞིབ་བྱས་པའི་རྨང་གཞིའི་སྟེང་དུ་གཏན་འབེབས་བྱས་ཤིང་། ལག་ལེན་གྱི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཡོད་པ་མ་ཟད། དབང་ཟིལ་གྱི་རང་བཞིན་ཡང་ལྡན།

དེབ་འདི་ཉིད་པར་དུ་བསྐྲུན་པ་དེས་མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་དང་རྒྱབ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། བརྡ་ཆད་དང་ཐ་སྙད་གསར་བ་སློབ་སྦྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ལྡན་པ་མ་ཟད། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་དུ་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ། །