མཱ་ཧའེ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཕྱིར་དྲན་ཐེངས་ཤིག་བྱེད།
2019.11.05 ཁུངས། ཀློག་གྲངས། 73

ལོ་འཁོར་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་འཁོར་བདུན་ཅུའི་མཚར་སྡུག་འཕེལ་རྒྱས། 

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)2019ལོའི་མཚོ་ནུབ་སྲིད་གྲོས་ཀྱི་བཅར་འདྲི་ཚན་ཆུང་སྡོང་པོ་ཐར་ཐོར་སྐྱེས་ཡོད་པའི་མཚོ་སྔོན་གྱི་ཧ་སག་རིགས་ཀྱི་གྲོང་ཚོ་སྟེ་མཱ་ཧའེ་གྲོང་ཚོར་བསྐྱོད་ནས་བཅར་འདྲི་བྱེད་འགོ་བརྩམས།

གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དུ། མཱ་ཧའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟུར་པ་ཅའོ་ལི་པའོ་ལི་ཏེས་མཱ་ཧའེ་གྲོང་ཚོའི་འཕེལ་རྒྱས་དང་འགྱུར་ལྡོག་སྐོར་ཕྱིར་དྲན་བྱས་ཏེ་བཤད་དོན། དེ་སྔོན་གནས་འདི་ནི་བྱེ་མས་རྐང་པ་བཀབ་པ་དང་། ས་ནས་རྩྭ་མི་སྐྱེས། རླུང་གཡུག་དུས་ཀྱང་བྱེ་ཟེགས་གང་སར་རྒྱུགས་པའི་མྱ་ངན་ཐང་ཞིག་ཡིན་མོད། ད་ལྟ་ཁྱེད་ཚོས་གྲོང་ཚོའི་ནང་གི་ཨར་འདམ་ལམ་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒོ་ར་ཆུང་ཆུང་ལ་གཟིགས་དང་། ཞེས་གདོང་ལ་སྐྱིད་པའི་འཛུམ་གྱིས་ཁེངས་བཞིན་ངོ་སྤྲོད་བྱས་ཤིང་། དེ་ནས་མུ་མཐུད་དུ། 2003ལོར་སྲིད་གཞུང་གིས་ཞིན་ཅང་ནས་མཚོ་སྔོན་ལ་ལོག་པའི་ཧ་སག་རིགས་མང་ཚོགས་གཏན་སྡོད་གནས་གཞི་མཱ་ཧའེ་གྲོང་ཚོ་མ་བཙུགས་ཡར་སྔོན་དུ་ང་ཚོས་ཡུལ་གྱར་གྱི་འཚོ་བ་རོལ་བ་ཡིན།གནས་འདིར་ཐོག་མར་སླེབས་སྐབས་ཁྱིམ་ཚང་གྱ་བཞི་ཡོད་ཅིང་། གྲོང་ཚོ་ནང་དུ་ལམ་དང་གློག་མེད་པར་མ་ཟད། ཁང་པ་ཡང་ས་ཁང་ཡིན་ལ། འཐུང་ཆུ་ཁྲོན་པ་གཅིག་ཁོ་ན་ལ་བརྟེན་དགོས། ཞེས་དང་།གཞན་ཡང་ཅའོ་ལི་པའོ་ལི་ཏེས་བཤད་དོན། སྐབས་དེ་དུས་ཤིན་ཅང་གི་གཉེན་ཉེར་ཁ་པར་གཏོང་དགོས་ཚེ་སྤྱི་ལེ90ཕ་རོལ་གྱི་ཚྭ་འདམ་གྲོང་རྡལ་དུ་བསྐྱོད་རྒྱུ་ལས་ཐབས་གཞན་མེད་ཅིང་།འགྲུལ་སྐྱེལ་རླངས་འཁོར་ཉིན་རེར་ཐེངས་གཅིག་རེ་ལས་མེད་པ་དང་། དེ་ཡང་དུས་ཚོད་གསུམ་ཙམ་ལ་རླངས་འཁོར་བསྡད་དེ་དཀའ་བ་སྤྱོད་དགོས། ཚ་འདམ་གྲོང་རྡལ་ནས་ཀྱང་ཁ་པར་གཏོང་བ་དང་།སྔོ་ཚལ་ཉོ་བ།བྱ་བ་སྒྲུབ་པ་སོགས་མྱུར་ཏུ་མ་བསྒྲུབས་ཚེ་ཕྱིར་འགྲོ་བའི་རླངས་འཁོར་གྱི་རྗེས་མི་ཆོད། སྐབས་དེར་མཚོན་ན། ཕར་འགྲོ་ཚུར་འོང་གི་སྤ་སེ་རིན་གོང་སྒོར12ཡང་གྲངས་ཀ་ཉུང་ཉུང་ཞིག་མ་རེད། ལྷག་པར་དུ་ཚྭ་འདམ་གྲོང་རྡལ་དུ་ཞག་གཅིག་ལ་འདུག་དགོས་ཚེ་དཀའ་ངལ་ཆེན་པོ་ཡོད། 2007ལོར་རྒྱལ་ལམ215གྲོང་ཚོའི་འགྲམ་ནས་ལས་པས་མཱ་ཧའེ་གྲོང་ཚོའི་གྲོང་མི་ཚོ་དེ་སྔའི་འཁྲུད་པང་ལྟ་བུའི་ལམ་བུ་དང་གཞི་ནས་ཁ་བྲལ་ཞིང་།ད་ལྟ་ཚྭ་འདམ་གྲོང་རྡལ་དུ་འགྲོ་ན་དུས་ཚོད་གཅིག་ལས་མི་དགོས། 2010ལོར་རང་ཉིད་ཀྱིས་སྒོར་ཁྲི་གསུམ་བཏང་ནས་རླངས་འཁོར་དང་པོ་ཉོས་པ་དང་ད་སྐབས་ཁྱིམ་ཚང་ཚང་མར་སྒེར་འཁོར་ཡོད་ཅེས་བཤད།

མཱ་ཧའེ་གྲོང་ཚོའི་གྲུབ་འབྲས་བཤམས་སྟོན་པང་གི་སྔོན་དུ། སུར་ཁུ་ཀུའུ་ལི་ཡིས་སློབ་ཁྲིད་ཐོག་ཁང་གསུམ་ལ་མཛུབ་མོས་བསྟན་ཏེ་སྤོབས་པ་ཆེན་པོས་མཚམས་སྦྱོར་བྱེད་དོན། 2017ལོར་ཕ་ཡུལ་དུ་ལོག་ནས་སློབ་ཁྲིད་བྱེད་པའི་འདུན་པ་ཁོ་ན་བཅངས་ཏེ་སློབ་ཆེན་ཐོན་རྗེས་མཱ་ཧའེ་གྲོང་ཚོར་ལོག་ནས་མ་ཡུམ་སློབ་གྲྭའི་སྐད་ཡིག་དགེ་རྒན་ཞིག་བྱས་པ་ཡིན།ང་རང་ཆུང་དུས་གནས་འདི་ནས་དཔེ་ཆ་བཏོན་པ་ཡིན། སྐབས་དེར་ཐོག་ཁང་མེད།2003ལོར་སློབ་གྲྭ་ཐོག་མར་བཙུགས་པའི་སྐབས་སུ་དགེ་རྒན8ལས་མེད་པ་དང་། སློབ་གཙོ་ཧོའུ་ཅོང་མེན་གྱིས་མཱ་ཧའེ་གྲོང་ཚོའི་སློབ་མ་སྐོར་དང་པོ་བསྐྱངས་པ་ཡིན།སྐབས་དེ་དུས་གྲོང་མིའི་རིག་གནས་ཆུ་ཚད་མཐོ་ཤོས་ཀྱང་སློབ་ཆུང་གི་ཆུ་ཚད་ཙམ་ཡིན།མི་ཚང་མས་བྱིས་པ་སློབ་གྲྭར་བསྐྱལ་མི་འདོད་ཅིང་།སློབ་མཐར་ཕྱིན་ཀྱང་ལུག་འཚོ་བ་ལས་གཞན་མེད་པར་བསམ་ཡོད།2012ལོར་སྲིད་གཞུང་གིས་མ་དངུལ་བཏང་ནས་སློབ་ཁྲིད་ཐོག་ཁང་བསྐྲུན་པར་མ་ཟད། ལུས་རྩལ་ཐང་གསར་པ་དང་།རྒྱུག་ལམ་གསར་པ། ལས་བཟོ་པའི་ཁང་པ་སྔ་རྗེས་སུ་འཛུགས་སྐྲུན་བྱས་པར་བརྟེན། སློབ་མ་ཚོ་ཡང་དྲོད་རླངས་ཅན་གྱི་སློབ་ཁང་དུ་གནས་སྤར། 2017ལོར་སློབ་གྲྭས་སྔོན་ཐོན་ལག་རྩལ་སྒྲིག་ཆས་ལྡན་པའི་སྒྲ་ཕབ་སློབ་ཁང་བསྐྲུན་པས།ད་སྐབས་མཱ་ཧའེ་སློབ་གྲྭར་སྲ་ཆས་སྒྲིག་བཀོད་ཐད་ཡར་རྒྱས་ཆེན་པོ་བྱུང་བ་དང་།དགེ་རྒན་གྱི་དཔུང་སྡེ་ཡང་སྟོབས་ལྡན་དུ་གྱུར་ཡོད་དེ། ད་ལྟ་སློབ་གྲྭར་དགེ་རྒན15ཡོད་ཅེས་བཤད།

གཞན་ཡང་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། 2003ལོར་མཚོ་སྔོན་དུ་ཕྱིར་ལོག་བཀོད་སྒྲིག་བྱེད་སྐབས་གྲོང་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་པ་སྒོར430ལས་མེད།གྲོང་མི་ཚོས་གཞི་རྩའི་ཆ་ནས་སྲོལ་རྒྱུན་གྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་ཁོ་ན་རྒྱུན་འཁྱོངས་བྱས་པས་ཡོང་འབབ་ཉུང་བ་དང་ཐོན་ལས་གྲུབ་ཆ་ཡང་རྐྱང་པ་རེད།2012ལོར་ཧྲུའུ་ཅི་དང་པོ་ཝང་ཀྲན་ཧུའེ་མཱ་ཧའེ་གྲོང་ཚོར་བསླེབས་རྗེས། གྲོང་མིའི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་ཐད་ཀར་སྐྱོད་པའི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར།  ཝང་ཀྲན་ཧུའེ་ཡིས་གྲོང་ཚོར་མ་དངུལ་འདྲེན་པ་དང་རྣམ་གྲངས་གཉེར་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གོང་འཕེལ་གཏོང་བར་ཧུར་ཐག་བྱས་པ་དང་།གྲོང་ཚོའི་ནང་དུ་ཀུང་སི་དང་།རྟེན་གཞི།འབྲོག་དུད་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཁྱབ་གདལ་བཏང་ནས། མཱ་ཧའེ་ལྗང་མདོག་སྐྱེ་ལྡན་འཕང་འབྲས་ཚོང་རྟགས་བཏོན་པ།དུས་མཚུངས་སུ་མཱ་ཧའེ་ས་ཁུལ་གྱི་འདེབས་འཛུགས་ལས་རིགས་འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ་ཐེངས་གཅིག་ལ་ཐང་རྒོད་སྤྱི་ཆིང246.67འཁོར་རྒྱུག་བྱས་ཏེ་བོགས་གཏོང་དུས་ཡུན་ལོ15ཡིན་པ་དང་། བོགས་དངུལ་སྒོར་ཁྲི400ཐོབ་པ་མ་ཟད།གྲོང་ཚོའི་ཚོང་ཁང10ཕྱི་ཕྱོགས་སུ་བོགས་མར་བཏང་ནས་སྒོར་ཁྲི3.6གི་ཡོང་འབབ་བྱུང་།

མཚོ་ནུབ་ཁུལ་གྱིས2018ལོར་གཏན་འབེབས་བཟོས་པའི《ཁེ་ལས་དང་སྦྲེལ་ནས་གྲོང་ཚོ་དར་རྒྱས1+1འགུལ་སྐྱོད་ཇུས་གཞི》ལ་གཞིགས་ཏེ།མཱ་ཧའེ་གྲོང་ཚོ་དང་མཚོ་སྔོན་ཁུན་ཡོན་གཏེར་ལས་ཡོད་ཀུང་སི་དབར་མ་རྐང་ཁེ་ལས་གྲོང་གསེབ་དར་རྒྱས་འཐབ་ཇུས་ནང་ཞུགས་པའི་གྲོས་གཞི་ལ་མིང་རྟགས་བཀོད་པ་དང་།སྲིད་གཞུང་གི་རོགས་སྐྱོར་མ་དངུལ་སྒོར་ཁྲི30མཚོ་སྔོན་ཁུན་ཡོན་གཏེར་ལས་ཀུང་སིའི་ཐོན་སྐྱེད་འཕེལ་རྒྱས་ཀྱི་མ་དངུལ་ལ་བཏང་སྟེ། ལོ་གསུམ་ནང་མཱ་ཧའེ་གྲོང་ཚོར་ལོ་ལྟར་གཏན་འཇགས་ཁེ་འབབ20%རག་གི་ཡོད་པ་རེད།ཀྲུང་གོ་མཁའ་འགྲུལ་ཞིང་ལས་སྣོད་བཅུད་གསར་སྤེལ་ཚད་ཡོད་ཀུང་སིས་ཉེ་བའི་ལོ་ཤས་རིང་ཚྭ་འདམ་ཆེན་མོའི་ཡུལ་སྐོར་ཚ་རླབས་ལ་གཞིགས་ཏེ། མ་དངུལ་སྒོར་ཁྲི5བཏང་ནས་མ་ཧའེ་གྲོང་ཚོར་ཚྭ་འདམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དུ་ཁྲོམ་ར་ཉོས་པ་དེས། ལོ་རེའི་ཡུལ་སྐོར་བ་མང་བའི་དུས་སུ་བོགས་དངུལ་རག་སྟེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ནུས་པ་གསར་པ་བསྣན་ཡོད།

 

ཝང་ཀྲན་ཧུའེ་ཡི་ཁྲིད་སྟོན་འོག མཱ་ཧའེ་གྲོང་ཚོས་སྲོལ་རྒྱུན་འབྲོག་ལས་ནས་དེང་རབས་ཅན་གྱི་འདེབས་གསོའི་ལས་རིགས་ཕྱོགས་སུ་སྒྱུར་འགོ་ཚུགས།ཚོང་རའི་ཁྲིད་ཕྱོགས་ལ་གཞིགས་ནས་གྲོང་ཚོའི་ནང་དུ་འབུ་སུ་ཧང་འདེབས་འཛུགས་བྱས་པ་དང་།དེའི་རྨང་གཞིའི་ཐོག་མཉམ་ལས་ཁང་གི་ཐོན་ཁུངས་དང་ཧ་སག་པའི་འབྲོག་པའི་གསོ་ཚགས་ལག་རྩལ་ལ་བརྟེན་ནས་བཤས་ཕྱུགས་གསོ་ཚགས་འཕེལ་རྒྱས་བཏང་། 2019ལོར་གྲོང་གསེབ་དར་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་སྒོར་ཁྲི160སྤྱད་དེ་སྨི་གྲུ་བཞི་མ1000ཡོད་པའི་སྐམ་ལུག་གསོ་སྤེལ་ར་བ་བསྐྲུན་ཡོད་པ་རེད།

ཅའོ་ལི་པའོ་ལི་ཏེས་བཤད་དོན།2018ལོར་མ་ཧའེ་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་རྐྱང་པ་སྒོར11000ཡན་ལ་སླེབས་ཡོད་པ་དང་།སྐལ་པ་ཡག་པོ་ཤར་བ་ཐམས་ཅད་ང་ཚོའི་རླབས་ཆེ་བའི་མེས་རྒྱལ་གྱི་བཀའ་དྲིན་ཡིན། ཐུགས་རྗེ་ཆེ། བདག་གི་མེས་རྒྱལ། ཁྱེད་ཉིད་ཡོད་པས་ད་གཟོད་མཱ་ཧའེ་གྲོང་ཚོའི་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་འདི་བྱུང་བ་ཡིན་ཞེས་བཤད།

མཱ་ཧའེ་གྲོང་ཚོའི་ཧ་སག་རིགས་རྣམས་མཚོ་ནུབ་བྱེ་ཐང་དུ་རྩ་བ་བརྟན་པོ་ཚུགས་རྗེས། ལོ་བཅོ་ལྔའི་དུས་ཡུན་ཐུང་ཐུང་ནང་མྱ་ངམ་ཐང་འདིར་རེ་བས་ཁེངས་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཁྱིམ་གཞིས་གསར་པ་ཞིག་བསྐྲུན་ཡོད། །