ཐེམ་ཆེན་རྫོང་སྲིད་གྲོས་རྒྱུན་ཨུའི་བཅར་འདྲི་གཏམ།
2019.11.05 ཁུངས། ཀློག་གྲངས། 518

ལོ་ངོ་བདུན་ཅུའི་ཆབ་སྲིད་གྲོས་མོལ། ལོ་ངོ་བདུན་ཅུའི་མཚར་སྡུག་འཕེལ་རྒྱས།

(གངས་ལྗོངས་མེ་ལོང་དྲ་བ་ནས་སྤེལ་བའི་གསར་འགྱུར། གསར་འགོད་པ། དཔལ་འཛོམས།)ཟླ11པའི་ཚེས1ཉིན་གྱི་སྔ་དྲོར། 2019ལོའི་མཚོ་ནུབ་ཀྱི་སྲིད་གྲོས་བྱ་བའི་འཕོ་འགྱུར་གླེང་བའི་བཅར་འདྲི་ཚན་ཆུང༼མདོ་སྨད་བོང་སྟག་གམ་ལྷ་མཚོའི་འབྱུང་ཡུལ་བྲག་དཀར་ཐེམ་ཆེན་རྫོང་།༽དུ་ཡོང་ནས་ཐེམ་ཆེན་རྫོང་སྲིད་གྲོས་རྒྱུན་ཨུ། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ་སྒྲོལ་མ་སྐྱབས་ལ་བཅར་འདྲ་བྱས།

ཐེམ་ཆེན་རྫོང་སྲིད་གྲོས་རྒྱུན་ཨུ། དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་གཙོ། སྒྲོལ་མ་སྐྱབས།

ཁོས་བཤད་རྒྱུར། རང་ཉིད་ཐེམ་ཆེན་རྫོང་སྲིད་གྲོས་ཀྱི་རྒྱུན་ཨུ་ཞིག་ཡིན་པའི་ཆ་ནས། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་བཞིན་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་བཞིན་པའི་རང་སྲིད་བྱ་བའི་དཀྱིལ་སྙིང་དེ་གཙོ་བོར་བཟུང་ནས། རང་འགན་ཕྲག་ཏུ་ཁུར་ཅིང་སྲིད་ཞུགས་སྲིད་མོལ་གྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད།

དཔེར་ན། ལོ་འདི་འགར་འབྲོག་པ་མང་ཚོགས་ཐེམ་ཆེན་རྫོང་ཐོག་དུ་གཏན་སྡོད་བྱས་པ་ཇེ་མང་དུ་སོང་བ་དང་།  ཕྱི་ཡོང་གི་ལས་ཞུགས་མི་སྣ་ཇེ་མང་དུ་སོང་བ་སོགས་ཀྱི་སྟབས་ཀྱིས་བུ་བཅོལ་ཁང་གི་བྱིས་པ་ཇེ་མང་དུ་སོང་བའི་ཚད་དྲག་ཆེ་བས། བྱིས་པའི་སློབ་ཞུགས་རེ་བ་དུས་ལྟར་སྐོང་བའི་ཆ་རྐྱེན་མི་འདང་བའི་གནས་ཚུལ་ཡོད་པ་དང་གཅིག དི་མིན་ཐེམ་ཆེན་རྫོང་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་ཞན་པ། ཆེད་མཁས་སྨན་པ་ཉུང་བ་སོགས་ཀྱི་དབང་གིས་ནད་པ་ལྗིད་མོ་དུས་ལྟར་སྨན་བཅོས་བྱེད་དཀའ་བ་སོགས་ཀྱི་དངོས་ཡོད་གནད་དོན་དག་ལ་དམིགས་ནས། ང་ཚོས་ཐེངས་མང་བོར་གནས་ཚུལ་རྒྱུས་ལོན་དང་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གྲོས་གཞི་གང་མང་བཏོན་པ་དང་། ཏང་སྲིད་ཀྱིས་མཐོང་ཆེན་དང་གཙུག་ཁུར་བྱས་པ་བརྒྱུད། བུ་བཅོལ་ཁང་གི་སློབ་སྒྲུབ་རྨང་གཞིའི་འཛུགས་སྐྲུན་མི་འགྱངས་པར་ལག་བསྟར་བྱེད་པའི་བྱ་བའི་འཆར་གཞིའི་ཁྲོད་བཞག་ཡོད་ལ། སྨན་བཅོས་ཆ་རྐྱེན་མཐོར་འདེགས་གཏོང་བར་སྲིད་གཞུང་གིས་ད་ལོར་ཆེད་དོན་ཚོགས་འདུ་བསྡུས་ཀྱང་དཀའ་ཁག་རིམ་གྱིས་སེལ་བར་གྲོས་གཞི་གང་ལེགས་བཏོན། ཕྱོགས་གཅིག་ནས་སྒོར་ཁྲི80གྲོན་དངུལ་བཏོན་ཏེ་ཆེད་ལས་མི་སྣ་གསོ་སྦྱོང་བྱེད་པར་གྲོས་ཐག་བཅད་པ་དང་། ཕྱོགས་གཞན་ཞིག་ནས་རྫོང་སྨན་ཁང་དང་ཞིང་ཆེན་སྨན་ཁང་ལྔ་བའི་བར་མཉམ་འབྲེལ་གྱི་བྱེད་སྒོ་སྤེལ་དེ་ཆེད་མཁས་སྨན་པ་གདན་ཞུ་བྱས་ནས་ལག་རྩལ་གྱི་ནུས་པ་མཐོར་འདེགས་སུ་བཏང་། ཤེས་ལྡན་མི་སྣ་སྐྱེད་བསྲིངས་བཅས་བྱེད་པར་ནུས་ཤུགས་ཡོད་དགུ་བཏོན་ཏེ། མང་ཚོགས་རྣམས་རང་གི་ས་གནས་ནས་སྨན་བཅོས་བཟང་པོ་བྱེད་ཐུབ་པར་ཆ་རྐྱེན་གང་ལེགས་བསྐྲུན། ད་དུང་ཡང་འདི་དང་འདི་ལྟ་བའི་ཁོར་ཡུག་སྲུང་སྐྱོབ་དང་དམངས་འཚོ་དར་སྤེལ་ཐད་ཀྱི་བྱ་བ་གང་མང་ཞིག་སྒྲུབ་དང་སྒྲིབ་བཞིན་ཡོད་ཟེར།