མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་འདུམ་འགྲིག་དྲིལ་སྒྲོག་བྱ་བར་གྲུབ་འབྲས་གསར་བ་བླངས།
2019.11.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ།ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་མི་དམངས་འདུམ་འགྲིག་དྲིལ་སྒྲོག་བྱ་བའི་གྲོས་ཚོགས་སྟེང་བསྒྲགས་པའི་འཕྲིན་བཟང་ལྟར་ན།མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་མི་དམངས་ཞུགས་པ་དང་ཁྲིམས་སྐྱོང་སྐུལ་འདེད་ཁྲུའུ་ལ་རྒྱལ་ཡོངས་མི་དམངས་འདུམ་འགྲིག་དྲིལ་སྒྲོག་བྱ་བའི་ཞིང་ཆེན་རིམ་པའི་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་ཐོབ།ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་རྫོང་དང་།མཁར་ནུབ་ཁུལ།མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་སོགས་གྲོང་ཁྱེར་དང་རྫོང་།ཁུལ་གྱི་ཁྲིམས་འཛིན་ཅུའུ་བཅུ་གསུམ་ལ་རྒྱལ་ཡོངས་མི་དམངས་འདུམ་འགྲིག་དྲིལ་སྒྲོག་བྱ་བའི་སྔོན་ཐོན་ལས་ཁུངས་ཀྱི་མཚན་སྙན་ཐོབ།རྒྱུས་ལོན་པ་ལྟར་ན།འདི་ནི་ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་མི་དམངས་ཞུགས་པ་དང་ཁྲིམས་སྐྱོང་སྐུལ་འདེད་ཁྲུའུ་ཡིས་བསྟུད་མུར་ལོ་དྲུག་རིང་མཚན་སྙན་བླངས་པ་དང་།མཚོ་སྔོན་གྱི་ལོ་མཇུག་གཟེངས་བསྟོད་ཐོབ་པའི་གྲོང་ཁྱེར་དང་རྫོང་ཁག་ཁྲིམས་འཛིན་ཅུའུ་ཡི་ཁ་གྲངས་ཇེ་མང་ལ་སོང་བ་སྟེ།ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་གི་དྲུག་ནས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་བཅུ་གསུམ་ལ་སླེབས་པ་རེད།

ལོ་གསུམ་གྱི་རིང་དུ།ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་དང་མི་དམངས་འདུམ་འགྲིག་རྩ་འཛུགས་ཀྱིས་དྲིལ་སྒྲོག་བྱ་འགུལ་ཐེངས་ཁྲི་གཅིག་ལྷག་སྤེལ་བ་དང་།མང་ཚོགས་ལ་སློབ་གསོ་ཐེབས་ཚད་མི་འབོར་ས་ཡ་ལྔ་དང་འབུམ་གཉིས་ལ་སླེབས་པས།དོན་དངོས་སུ་མི་དམངས་འདུམ་འགྲིག་བྱ་བའི་ཤེས་རྟོགས་ཚད་ཇེ་མཐོར་བཏང་།དེ་དང་མཉམ་དུ།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་།ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་མི་དམངས་འདུམ་འགྲིག་དྲིལ་སྒྲོག་བྱ་བ་དང་ཁྲིམས་ལུགས་དྲིལ་སྒྲོག་སློབ་གསོ་མཉམ་སྦྲེལ་བྱས་ཏེ།མི་དམངས་འདུམ་འགྲིག་བཅའ་ཁྲིམས་དེ་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་རི་མོའི་རྣམ་པས་པར་བསྐྲུན་བྱས་པ་དང་།ཡི་གེ་དང་རི་མོ་ཟུང་འབྲེལ་གྱི་རྣམ་པས་བོད་རིགས་མང་ཚོགས་ལ་དྲིལ་སྒྲོག་བྱས།བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་འཕྲིན་ཕྲན་སྟེགས་བུ་བཙུགས་ནས།གྱོད་དོན་ལ་བརྟེན་ནས་ཁྲིམས་བཤད་པ་དང་།ཁྲིམས་ལུགས་འདྲི་རྟོགས།ཁྲིམས་ལུགས་འགྲེལ་བཤད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་མི་དམངས་འདུམ་འགྲིག་གི་འབྲེལ་ཡོད་ཤེས་བྱ་གཅིག་བསྡུས་ཀྱིས་དྲིལ་སྒྲོག་བྱས་པས།མི་དམངས་འདུམ་འགྲིག་བྱ་བ་མི་རྣམས་ཀྱི་སེམས་གཏིང་ལ་ཁྱབ་ནས།མཚོ་སྔོན་གྱི་བོད་ཁུལ་མང་ཚོགས་ཀྱི་རྩོད་གླེང་ཐག་གཅོད་བྱེད་པའི་གདམ་གསེས་ཐོག་མར་གྱུར།