༼ལམ་སྔགས་གསེར་བྲིས་ཆེན་མོ༽འཛམ་གླིང་ཟིན་ཐོར་ངོས་འཛིན་བྱེད་པའི་མཛད་སྒོ་མཚོ་སྔོན་གཅན་ཚ་རུ་བསྡུས།
2019.11.22 ཁུངས། ཀློག་གྲངས། 2632

ཟླ11པའི་ཚེས21ཉིན། དགེ་འདུན་མཆོག་གྲུབ་ཀྱིས་གྲོས་འགོ་བཏོན་ཞིང་མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གིས་འགན་སྒྲུབ་མཛད་པའི༼ལམ་སྔགས་གསེར་བྲིས་ཆེན་མོ༽ཞེས་པ་འཛམ་གླིང་ཟིན་ཐོར་ཚུད་པ་དང་འཛམ་གླིང་ཟིན་ཐོ་ངོས་ལེན་ལས་ཁུངས(WRCA)ཡིས་ངོས་ལེན་ཐོབ་པ་ཁྱབ་སྒྲོག་དང་དཔང་ཡིག་སྤྲོད་པའི་མཛད་སྒོ་མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་དུ་བསྡུས།

ཐེངས་འདིའི་མཛད་སྒོའི་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོ་དང་། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་ནོར་བུ་རྒྱ་མཚོ། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལི་ལིས་ཁའོ་དང་ལམ་སྔགས་གསེར་བྲིས་ཆེན་མོའི་གྲོས་འགོ་འདོན་མཁན་དགེ་འདུན་མཆོག་གྲུབ། མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་ཁྱབ་འགན་འཛིན་པ་བརྩོན་འགྲུས། འཛམ་གླིང་ཟིན་ཐོའི་དཔང་ཡིག་ངོས་ལེན་ལས་ཁུངསWRCAཀྱི་དབུ་བཞུགས་དཔང་ཡིག་ངོས་ལེན་དཔོན་སྲས་མོ་ཕན་ཧྲུའུ་ནཱ་དང་། གཞན་དགེ་བའི་བཤེས་གཉེན་མང་བོ་དང་དད་ལྡན་མང་ཚོགས་སོགས་མི་ཉིས་བརྒྱ་ལ་ཉེ་བ་ཡུལ་དངོས་སུ་སླེབས་ཡོད་པ་རེད།

ལམ་རིམ་དང་སྔགས་རིམ་གཞི་གཅིག་ཅན་གྱི《ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག》འདིར། ལམ་རིམ་ལ་ཤོག་གྲངས393ཡོད་པ་དང་། སྔགས་རིམ་ལ་ཤོག་གྲངས377བཅས་ཁྱོན་བསྡོམས་ཤོག་གྲངས770ཡོད། གླེགས་བམ་གྱི་ཞེང་ལ་ལི་རྨི63དང་སྲིད་ལ་ལི་རྨི142.5། ཤོག་ངོས་རེར་ཐིག་ཕྲེང་12དང་། ལམ་སྔགས་གཉིས་ཀྱི་ཤོག་ལྷེ་རེར་ཆ་སྙོམས་ཡིག་འབྲུ་1500ལྷག་བཅས་ཁྱོན་ཡིག་འབྲུ་ཁྲི116ལྷག་ཡོད་པ་དང་། བསྡོམས་པས་གསེར་རྐྱང་ཁེ6144བཀོལ་ཞིང་གསེར་བྲིས་པ་མི་བཅུ་ཡིས་ལམ་སྔགས་གཉིས་ཟླ་བ་བཅུ་ལྷག་ལ་བྲིས་པ་རེད།

       མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

           མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལྷན་རྒྱས།

   ལམ་སྔགས་གསེར་བྲིས་ཆེན་མོའི་ཞལ་འབྱེད་ཀྱིན་པ།

འཛམ་གླིང་གི་ཆེས་ཆེ་བའི་ལམ་སྔགས་གསེར་བྲིས་ཆེན་མོར་དཔང་ཡིག་བསྩལ་བ།


མཇུག་ཏུ་འཛམ་གླིང་ཟིན་ཐོའི་དཔང་ཡིག་ངོས་ལེན་ལས་ཁུངསWRCAཀྱི་དབུ་བཞུགས་དཔང་ཡིག་ངོས་ལེན་དཔོན་སྲས་མོ་ཕན་ཧྲུའུ་ནཱ་ཡིས་རྟག་དཔྱད་དང་ཞིབ་འཇུག་བྱས་རྗེས《ལམ་སྔགས་གསེར་བྲིས་འཛམ་གླིང་རྒྱན་གཅིག》འདི་འཛམ་གླིང་གི་ཆེས་ཆེ་བའི་གསེར་བྲིས་ཆེན་པོ་རེད་ཅེས་ཁྱབ་བསྒྲགས་གནང་བ་དང་ལག་རྟགས་སྤྲད་པ་རེད།