ཡུལ་ཤུལ་མང་ཚོགས་ཀྱིས་ཝུའུ་ཧན་ལ་སྒོར་ཁྲི་སུམ་བརྒྱ་ཉི་ཤུའི་རིན་གོང་གི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ།
2020.02.12 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 13191

ཡུལ་ཤུལ་བོད་རིགས་མང་ཚོགས་ཀྱིས་ཝུའུ་ཧན་གྱི་རིམས་འགོག་ལས་རིམ་གལ་ཆེན་དང་། གསོ་རིག་ཆེད་མཁས་པ་ཀྲུང་ནན་ཧྲན་དང་ལིས་ལན་ཅུན། མཚོ་སྔོན་སྨན་བཅོས་རོགས་སྐྱོར་རུ་ཁག་གི་མི་སྣ་བཅས་ལ་སྒོར་ཁྲི་སུམ་བརྒྱ་ཉི་ཤུའི་རིན་གོང་གི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་འབུལ་བའི་མཛད་སྒོ་དེ་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ཟི་ལིང་གྲོང་ཁྱེར་ནས་སྤེལ།

ནད་ཡམས་ཀྱི་གདུག་རྩུབ་ཅི་འདྲ་རྒོད་ཀྱང་མིའི་རིགས་ཀྱི་བརྩེ་བ་ལ་མཐའ་མེད་པར་བྱམས་སེམས་ཀྱི་ལག་ཟུང་དྲོན་མོས་ཕན་ཚུན་ལ་གཞོགས་འདེགས་བྱེད་ཀྱིན་པའི་དུས་སྐབས་འདི་ལ། ཡུལ་ཤུལ་ཁུལ་གྱི་མང་ཚོགས་རྣམས་ཀྱིས་སྔོན་ཆད་ཡུལ་ཤུལ་ས་ཡོམ་གྱི་གོད་ཆག་སྐབས་སུ་རྒྱལ་ཡོངས་ཀྱི་ས་གནས་ཁག་དང་མི་རིགས་ཕྱོགས་སོ་སོ་ནས་རོགས་རམ་གང་མང་བྱས་པར་དྲིན་ལན་འཇལ་ཆེད་དང་། ཐེངས་འདིའི་ནད་ཡམས་ཀྱིས་ཝུའུ་ཧན་གྲོང་ཁྱེར་གཙོ་བྱས་ཏེ་རྒྱལ་ཡོངས་སུ་གནོད་འཚེ་ཐེབས་པ་ལ་ཕན་སེམས་ཀྱི་རོམས་རམ་ཙམ་ཨེ་ཐུབ་ཀྱི་ལྷག་བསམ་གྱིས་རབ་ཏུ་སྐུལ་ཏེ། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཀྲུང་ནན་ཧྲན་སོགས་ཆེད་མཁས་སྨན་པ་ལྔ་ལ་རིན་གོང་སྒོར་ཁྲི་བཅུ་དང་སྟོང་ཉིས་ལྔ་བརྒྱའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་མངགས་བཅོལ་བྱས་པ་བརྒྱུད་ནས་ཞལ་འདེབས་སུ་ཕུལ་ཞིང་། ཝུའུ་ཧན་དུ་སྡོད་པའི་མཚོ་སྔོན་སྨན་བཅོས་རོགས་སྐྱོར་ཚོགས་པ་ལ་རིན་གོང་སྒོར་ཁྲི་བརྒྱ་དང་ཉེར་དགུ་དང་སྟོང་གསུམ་ལྔ་བརྒྱ་ང་ལྔའི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ཞིང་ཆེན་སྨན་བཅོས་རོགས་སྐྱོར་ཚོགས་པ་ལ་མངགས་བཅོལ་བྱས་པ་བརྒྱུད་ནས་ཞལ་འདེབས་སུ་ཕུལ་ལ། ཝུའུ་ཧན་ཐུང་ཅི་སྨན་ཁང་ལ་རིག་གོང་སྒོར་ཁྲི་བརྒྱ་དང་བརྒྱད་ཅུ་དང་སྟོང་བདུན་བརྒྱད་བརྒྱ་དྲུག་ཅུ་ཡི་དབྱར་རྩྭ་དགུན་འབུ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ལ་མངགས་བཅོལ་བྱས་པ་བརྒྱུད་ནས་ཞལ་འདེབས་སུ་ཕུལ་ལ། དབྱར་རྩྭ་དགུན་འབུ་དེ་དག་གིས་བསྡོམས་པས་དམངས་སྒོར་ཁྲི་སུམ་བརྒྱ་དང་ཉི་ཤུའི་རིན་གོང་ཟིན་ཡོད།

ཐེངས་འདིའི་ཞལ་འདེབས་འབུལ་བའི་བྱ་འགུལ་གྱི་ཁྲོད་དུ་ཡུལ་ཤུལ་ས་ཆའི་ཆེ་བ་ལོ་བརྒྱད་ཅུ་ཅན་གྱི་འབྲོག་དམངས་ནས་ཆུང་བ་ལོ་བཅུ་ཅན་གྱི་བྱིས་པ་ཡན་ཆད་ཞུགས་ཡོད་ལ། ཁོ་ཚོས་ཡོད་པོས་བརྒྱ་འབུལ་སྟོང་འབུལ་དང་མེད་པོས་མེ་ཏོག་མཆོད་འབུལ་ཟེར་བའི་དཔེ་བཞིན། མང་ཚོགས་རེ་རེས་རང་ངོས་ཀྱི་ཆ་རྐྱེན་དང་འཛོམས་ཚོད་ལྟར་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་པ་རེད།

གསར་འགོད་པས་ཡུལ་དངོས་ནས་བཅར་འདྲི་བྱས་པ་ན། ཁོ་ཚོས་མགྲིན་གཅིག་ཏུ་བཤད་རྒྱུར། ཡུལ་ཤུལ་ས་ཡོམ་གྱི་རྗེས་སུ། རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཡུལ་ཤུལ་མི་དམངས་ལ་ཁྱིམ་གཞིས་གསར་སུ་བསྐྲུན་པ་དང་། ཉེ་བའི་ལོ་འདི་དག་ལ། གནད་འཁེལ་དབུལ་སྐྱོར་སོགས་དམངས་ཕན་གྱི་སྲིད་ཇུས་སྣ་མང་ལག་བསྟར་བྱས་ནས། ཡུལ་ཤུལ་ས་ཆའི་མང་ཚོགས་དབུལ་ཐར་བྱེད་པར་རོགས་རམ་ཆེན་པོ་བྱས་པས། དེང་གི་ཡུལ་ཤུལ་ས་ཆར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་དྲིན་ཡིན་ལ། རྒྱལ་ཡོངས་མི་དམངས་ཀྱིས་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་བཀའ་དྲིན་ཅི་ལ་མིན། དེ་རིང་ཝུའུ་ཧན་ལ་ནད་ཡམས་ཀྱི་གནོད་འཚེ་ཐེབས་ན། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་ཝུའུ་ཧན་ལ་རོགས་རམ་བྱ་དགོས་ལ་བྱེད་ཀྱང་འདོད་ཟེར།

སྐྱིད་ཀྱི་དུས་སུ་མགོ་འཕང་དམའ་དགོས།སྡུག་གི་དུས་སུ་སེམས་དཔང་མཐོ་དགོས་ཟེར་བ་ཇི་བཞིན། མཇུག་ཏུ་ཡུལ་ཤུལ་མང་ཚོགས་རྣམས་ཀྱིས་གསར་འགྱུར་སྨན་བྱད་ཁག་གི་བརྙན་མིག་ལ་ཁ་གཏད་ནས་ཀྲུང་གོ་ཤུ་རེ་བྱོས། ཝུའུ་ཧན་ཤུ་རེ་བྱོས་ཞེས་འབོད་སྐད་བསྒྲགས་ནས། མཐོ་སྒང་གི་སྤུན་ཟླའི་སེམས་ཁུར་མཚོན་པར་བྱས།