མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ཐད་ནོར་ཤུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།
2020.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40


རིམས་ནད་བྱུང་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་མྱུར་དུ་འགུལ་སྐྱོད་བྱས་པ་དང་། མ་དངུལ་དང་སྲིད་ཇུས་འགན་སྲུང་ཕྱོགས་ནས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ཐག་གཅོད་ཐད་ནོར་ཤུགས་ཀྱི་འགན་སྲུང་འདོན་སྤྲོད་བྱས།

མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་རུང་ཙུན་ཡན་གྱིས་སྒྲོག་སྤེལ་ཚོགས་འདུའི་སྟེང་ངོ་སྤྲོད་བྱས་པ་ལྟར་ན། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་སྟེང་། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིགས་མི་འདྲ་བའི་མ་དངུལ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གསུམ་ས་ཡ་གསུམ་བཀོད་སྒྲིག་བྱས་ནས་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་སྤྱི་ཐུན་འཕྲོད་བསྟེན་བྱ་བའི་ཐད་བཀོལ་སྤྱོས་བྱས། དེའི་ཁྲོད། ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དགུ་ས་ཡ་བཞི་བཀོད་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ས་ཡ་དགུ་བཀོད་སྒྲིག་བྱས་ཟེར།

མ་དངུལ་དེ་དག་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁྲོད་ཀྱི་ནད་པར་སྨན་བཅོས་བྱེད་པ་དང་། དངོས་ཟོག་དང་སྒྲིག་ཆས་ཉོ་སྒྲུབ་བྱེད་པ། རིམས་ནད་ཚོད་འགོག་ལས་གནས་སུ་འབད་འཐབ་བྱེད་བཞིན་པའི་སྨན་བཅོས་མི་སྣར་གནས་སྐབས་རང་བཞིན་བྱ་བའི་ཁ་གསབ་སྟེར་བ། གཞི་རིམ་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ནུས་པར་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ། རིམས་ནད་གཞི་རིམ་ཞིང་སྡེ་དང་གྲོང་ཁྱེར་སྡོད་ཁུལ་དུ་མཆེད་པར་བཀག་འགོག་བྱེད་པ་སོགས་ཀྱི་བཀོལ་རྒྱུ་རེད།

སྲིད་ཇུས་འགན་སྲུང་ཕྱོགས་ནས། ཟླ་གཉིས་པའི་ཚེས་བཅུ་གཉིས་ཉིན་བར་དུ། ཞིང་ཆེན་ནོར་སྲིད་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ལག་བསྟར་བྱས་པའི་ཀྲུང་དབྱང་ནོར་ཁྲལ་དངུལ་རྩ་སྲིད་ཇུས་དང་རང་ཉིད་ཀྱིས་གཏན་འབེབས་བྱས་པའི་རང་ཞིང་གི་སྲིད་ཇུས་གཙོ་བོར། གཅིག་ནས་ནད་པའི་སྨན་རིན་སྲིད་ཇུས་ལྟར་རྩིས་རྒྱབ་རྗེས་ཀྱི་མི་སྒེར་གྱིས་འགན་ཁུར་བའི་ཆ་དེ་ནོར་སྲིད་ཀྱིས་ཚང་མ་ཁ་གསབ་བྱེད་རྒྱུ་ཡིན་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བར་ཞུགས་པའི་སྨན་བཅོས་འཕྲོད་བསྟེན་མི་སྣར་གནས་སྐབས་རང་བཞིན་གྱི་བྱ་བའི་ཁ་གསབ་བྱིན་པ་དང་། ཧུའུ་པེ་རུ་སོང་བའི་སྨན་བཅོས་རུ་ཁག་གི་སྨན་བཅོས་མི་སྣར་བྱ་བའི་གྲོན་དངུལ་དང་འཚོ་བའི་ཁ་གསབ་བྱིན། གཉིས་ནས་འཕྲལ་བསྟུན་སྲིད་གཞུང་གི་ཉོ་སྒྲུབ་ལམ་ལུགས་བཙུགས་པ་དང་། སྤྱིར་བཏང་རང་བཞིན་གྱི་སྲིད་གཞུང་གི་ཉོ་སྒྲུབ་དང་དཔྱད་འཇོག་བྱ་འགུལ་མཚམས་བཞག་པ། སྔོན་འགོག་དང་ཚོད་འཛིན་ཐད་ཀྱི་དངོས་ཟོག་ཉོ་སྒྲུབ་སྟབས་བདེ་ལམ་བུ་བཏོད་པ་དང་། འགྲོ་ལུགས་སྟབས་བདེ་རུ་བསྒྱུར་བ་དང་ཉོ་སྒྲུབ་ལས་ཆོད་མཐོར་འདེགས་བཏང་། གསུམ་ནས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་མི་སྒེར་གྱི་ལས་སྐྲུན་འགན་ལེན་དངུལ་བུན་ཕྱིར་སྤྲོད་པའི་ལོ་ཚད་ལོ་གཅིག་གི་ཇེ་མང་དུ་བཏང་བ་དང་། མུ་མཐུད་དུ་ནོར་སྲིད་སྐྱེད་མེད་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག རིམས་ནད་ཀྱི་དབང་གིས་ཡོང་སྒོ་ཤོར་བའི་མི་སྒེར་དང་ཁེ་ལས་ཕྲན་ཆུང་གིས། ལས་སྐྲུན་འགན་ལེན་དངུལ་བུན་བསྐྱི་བར་རྒྱབ་སྐྱོར་བྱེད་པ་སོགས་འདུ། 

རིན་ཆེན་མཚོས་བསྒྱུར།