ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་དོ་མཉམ་ཅན་དུ་བསྒྱུར་བར་རོགས་འདེགས་བྱེད་རྒྱུ་རེད།
2020.03.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་སློབ་གསོ་དེང་རབས་ཅན་དུ་བསྒྱུར་བའི་བཟོ་སྐྲུན་གྱི2020ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་དངུལ་གཏོང་འཆར་གཞི་བཏོན་པ་དང་། མཚོ་སྔོན་ཞིང་ཆེན་ལ་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བདུན་གྱིས་རྒྱབ་སྐྱོར་ཐོབ་པ་དང་། དེ2019ལོ་དང་བསྡུར་ན་བརྒྱ་ཆའི་སོ་གསུམ་ལྷག་ཇེ་མང་དུ་སོང་།

ཐེངས་འདིའི་མ་དངུལ་དེས་གཙོ་བོར་མཚོ་སྔོན་ཞིང་ཆེན་གྱི་བྱིས་གཉོར་ཁང་བཅུ་གཅིག་དང་འོས་འགན་སློབ་གསོའི་སློབ་གྲྭ་དོན་བདུན། སློབ་གསོའི་རྨང་གཞི་ཞན་པའི་རྫོང་གི་མཐོ་རིམ་སློབ་འབྲིང་གསུམ། དངོས་གཞིའི་མཐོ་རིམ་སློབ་གྲྭ་གཉིས་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་བཅས་ཀྱི་ཐད་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་རྨིད་གྲུ་བཞི་མ་འབུམ་གཉིས་དང་ཁྲི་བཞི་སྟོང་ལྔ་བདུན་བརྒྱ་ཡོད། དེའི་ཁྲོད། བོད་ཁུལ་གྱི་ལས་གཞིའི་ཐད་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་བཞི་དང་བྱེ་བ་གཅིག་ས་ཡ་བརྒྱད་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། དེས་མ་དངུལ་སྤྱིའི་བརྒྱ་ཆའི་དོན་གསུམ་ལྷག་ཟིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཧ་ཅང་དབུལ་ཕོངས་ཡིན་པའི་ས་ཁུལ་དང་ཆུའུ་གསུམ་ཁུལ་གསུམ་གྱི་གཞི་རྩའི་སྤྱི་ཐུན་སློབ་གསོ་ཞབས་ཞུ་དོ་མཉམ་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པའི་ཐད་རོགས་འདེགས་བྱེད་རྒྱུ་རེད།

ལས་གཞི་དེ་དག་ལག་བསྟར་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་དང་། ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཐོན་ཁུངས་རྒྱ་བསྐྱེད་པ། འོས་འགན་སློབ་གསོ་སྲ་བརྟན་མཐོར་འདེགས་གཏོང་བ། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མྱུར་དུ་ཁྱབ་གདལ་དུ་གཏོང་བ། དངོས་གཞིའི་ཚན་ཁག་གི་རྨང་གཞི་དང་གཙོ་གནད་དུ་བྱས་པའི་སློབ་སྒྲུབ་སྤུས་ཚད་བརྟན་བརླིང་ངང་མཐོར་འདེགས་གཏོང་བ་བཅས་བྱེད་རྒྱུ་རེད།

མིག་སྔར། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་དངུལ་གཏོང་འཆར་གཞི་ཕྱིར་བཏོན་ནས། ས་ཆ་སོ་སོའི་འཕེལ་རྒྱས་བཅོས་བསྒྱུར་སྡེ་ཁག་དང་སློབ་གསོ་སྡེ་ཁག འབྲེལ་ཡོད་མཐོ་འབྲིང་བཅས་ཀྱིས་གཙོ་གཞི་འགན་འཁྲི་ལག་བསྟར་བྱེད་པ་དང་། ལས་སྒྲུབ་བྱེད་སྐབས་ལས་སྒྲུབ་རྗེས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། ལས་གཞི་འཛུགས་སྐྲུན་སྡེ་ཁག་སོ་སོས་གཏན་ཁེལ་ལག་བསྟར་ནན་མོ་བྱེད་པ་དང་། རྩ་འཛུགས་དང་ལག་བསྟར་ནན་མོ་བྱེད་པ། ལས་གཞིའི་དོ་དམ་ལ་ཤུགས་བསྣན་ནས། འཛུགས་སྐྲུན་སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་། སྔ་མོ་ནས་འཛུགས་སྐྲུན་བྱེད་པ་མ་ཟད་དངུལ་གཏོང་ཕན་འབྲས་འདོན་སྤེལ་བྱེད་དགོས་པའི་རེ་བ་བཏོན།

རིན་ཆེན་མཚོས་བསྒྱུར།