རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་།
2020.03.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་རིག་གནས་གནས་སྐོར་མཐོར་འདེགས་བཟོ་སྐྲུན་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི2020ལོའི་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་བཏང་སྟེ། མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ལས་གཞི་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་བྱ་བ་བརྟན་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་བསྒྲུབ་པར་འགན་སྲུང་བྱེད་རྒྱུ་རེད།

རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་གཉིས་ཀྱི་འགན་ཁུར་བའི་ཞིང་ཆེན་ཐོག་མ་ཡིན་པའི་ཆ་ནས། 2017ལོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཆེད་དོན་ཚོད་ལྟའི་འགོ་བརྩམས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེནགྱིས་བསྡོམས་པས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་དྲུག་ས་ཡ་དྲུག་བརྩོན་ལེན་བྱས་པ་དང་། དེའི་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་ས་ཡ་དྲུག་དང་། ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ཐད་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་བཏང་སྟེ། སྔ་གཞུག་ཏུ་སྐྱེ་ཁམས་མ་ལག་དང་ཤུལ་བཞག་ཐོན་ཁུངས་སྲུང་སྐྱོབ་དང་སྲུང་སྐྱོབ་ལྟ་ཞིབ། ཚན་རྩལ་ཁྱབ་གདལ་སློབ་གསོ། རྨང་གཞི་སྒྲིག་ཆས་ཆ་སྡེབས་སོགས་འཛུགས་སྐྲུན་ལས་གཞི་སོ་ལྔ་ལག་བསྟར་བྱས། ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ཚོད་ལྟ་ཁུལ་ཁོངས་ནང་གི་སྲུང་སྐྱོབ་བེད་སྤྱོད་སྒྲིག་ཆས་ཇེ་བཟང་དུ་བཏང་ནས། 2020ལོར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་ཆི་ལེན་རི་བོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་པའི་ཐད་འགན་སྲུང་འདོན་སྤྲོད་བྱས་པ་དང་། དེ་དང་མཉམ་དུ། ཡང་བསྐྱར་བཀོལ་ཆོག་པ་དང་དཔེ་ལྟ་བྱེད་ཆོག་པའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་མཚོ་སྔོན་གྱི་ཉམས་མྱོང་གྲུབ་པར་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།

རིན་ཆེན་མཚོས་བསྒྱུར།