རྐང་ཚའི་དམངས་སེམས་ན་གསོན་པའི་ཁྲིམས་ལུགས་སྣེ་ཁྲིད་པ།
2020.03.19 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 73

_ མི་ལོ་ཉེར་བརྒྱད་རིང་གི་ཁྲིམས་ལུགས་དྲིལ་སྒྲོག་པ་འདས་པོ་སྙིང་དཀར་རྒྱལ།



དང་པོ། དམངས་སྒྲུབ་དགེ་རྒན་ཞིག་གི་སེམས་སུ་རུམ་པའི་སློབ་གསོ།
འདས་པོ་སྙིང་དཀར་རྒྱལ་ནི1953ལོར་རྐང་ཚའི་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་གོང་མ་ཞེས་པའི་འབྲོག་སྡེ་དེ་རུ་སྐྱེས།  1976ལོར་བྱ་བར་ཞུགས་ཏེ་དམངས་སྒྲུབ་དགེ་རྒན་བྱས།   དང་ཐོག་ཁོང་གིས་དགེ་རྒན་གྱི་མིང་ཙམ་ཁུར་ནས་སློབ་གསོའི་དྲི་ངད་མི་ལྡང་བའི་འབྲོག་སྡེ་རུ་ཕྱིན་པ་དང་། རབ་ཏུ་ལྕི་བའི་ན་ཟུག་ཅིག་གིས་མགོ་བསླངས་བ་ལས་སློབ་གསོ་ཟེར་བ་དང་སློབ་ཁྲིད་ཟེར་བ་དེ་མགོ་གང་ནས་བརྩམས་ཏེ་མཇུག་ཇི་ལྟར་སྐྱོང་བར་བསམ་བློའི་སྐྱོར་མ་ཙམ་ཡང་མེད་པར། ཡང་སྙིང་བྱིས་པ་ཞིག་གི་སློབ་སྦྱོང་གི་མདུན་ལམ་དེ་གཡག་རྒན་གཅིག་ལ་མི་བརྗེ་བར་སློབ་གསོ་རྣམ་དག་གཏོང་བའི་ཀུན་སློང་གིས་རབ་ཏུ་སྐུལ་ཏེ་སྦྲ་གུར་སློབ་ཁང་གི་དབུས་སུ། ཁྱིམ་བདག་དང་སློབ་མ་ཚོར་སློབ་སྦྱོང་བྱས་ན་བཟང་ཚུལ་དང་སློབ་གྲྭར་སོང་ན་མདུན་ལམ་རྒྱ་ཆེ་བའི་སྐོར་ནས་ཁ་བརྡ་དང་བཅས་སློབ་གསོ་དང་སློབ་ཁྲིད་བྱས། འདི་ལྟར་བྱིས་པ་སློབ་གྲྭར་མ་བསྐྱལ་ན་ཁྲིམས་འགལ་ཡིན་ཚུལ་སོགས་བཤད་ནས་དགེ་རྒན་གྱི་བྱ་བ་ཡུན་གྱིས་རྒྱུན་བསྲིངས་ལ། རང་ཉིད་ཡང་འབྲོག་ཁྱིམ་དཀྱུས་མ་ཞིག་གི་བུ་ཆུང་ཡིན་པར་ནན་བཤད་བྱས་ཚེ་ཨུ་ཚུགས་ཀྱིས་ཁ་གཏད་དུ་འགྲེང་བའི་འབྲོག་པ་ཚོས་སློབ་གསོ་མྱང་ན་དགོས་པ་ཡོད་པར་ཨེན་ཙམ་རློམ་པའི་རྣམ་འགྱུར་བསྟན་པ་དེས་ཁོ་བོར་སློབ་གསོར་མུ་མཐུད་དུ་འཇུ་བའི་རེ་བ་ཉག་ཅིག་སྦྱིན། ཁོ་རང་ལོ་ན་གཞོན་དུས་དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་གི་སེམས་ནས་ཁྲིམས་ལྟར་སློབ་གསོ་སྐྱོང་རྒྱུ་ནི་ཁོའི་དམིགས་འབེན་ཉག་ཅིག་ཡིན་ཡང་། འོན་ཀྱང་འབྲོག་སྡེ་འདིའི་སློབ་སྒྲུབ་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་པ་མཐོང་ན། ནམ་ཞིག་བྱིས་པ་འདི་དག་སློབ་གྲྭར་འགྲོ་བའི་སྐལ་བ་ཡག་པོ་ཞིག་ལྡན་མིན་ཐད་སེམས་ཁུར་བྱེད་རྒྱུ་ལས་ཐབས་ཤེས་གཞན་མ་མཆིས་སོ།།
གཉིས་པ། ཁོའི་ཀུན་སློང་ལ་བཅོལ་བའི་བཟོ་ཚོང་དོ་དམ་བྱ་བ།

1979ལོའི་ཟླ11པ་ནས1985ལོའི་བར་སྐྱིད་སྨོན་ཡུལ་ཚོ་ནས་བྱ་བ་གཉེར་ལ། 1985ལོ་ནས1991ལོའི་བར་རྐང་ཚ་རྫོང་བཟོ་ཚོང་ཚོང་ཟོག་དོ་དམ་ཅུས་སུ་ལས་གནས་སྤར། ཁྲིམས་ལ་དུངས་ཤིང་དམངས་ལ་བྱམས་པའི་ཀུན་སྤྱོད་གཙང་མ་ཞིག་སེམས་ལ་ཁུར་ནས་ཡང་བསྐྱར་ལས་གནས་གསར་བ་ཞིག་གི་མགོ་བརྩམས་མོད། ཁོས་སློབ་གསོའི་ལམ་ཁ་ན་སློབ་བྱོལ་ལ་བྲེལ་བའི་བྱིས་པ་ཚོ་ཡིད་ལ་དྲན་ཐེངས་རེར་སེམས་སྨྲེང་བའི་སྨུག་པ་དགུང་ལ་འཕྱུར་ཞིང་། ནམ་ཞིག་སློབ་གསོ་གོང་འཕེལ་དུ་སོང་ཚེ་གཞི་ནས་འབྲོག་པ་ཟེར་བ་འདིའི་རྗེས་ལུས་ཀྱི་རྣམ་པ་དོར་ཐུབ་པའང་སེམས་ངལ་ཞིག་ཏུ་ཁུར་ཏེ། ཡང་བསྐྱར་བཟོ་ཚོང་དོ་དམ་བྱ་བའི་ལས་གནས་སུ་ཞུགས་ལ་དེ་རུ་སྔར་བཞིན་འཕེལ་རྒྱས་ཀྱི་རྣམ་པའི་ཟུར་ཙམ་ཡང་མཐོང་རྒྱུ་མེད་པར་མ་ཟད་སྐབས་དེའི་རང་རྫོང་གི་ཚོང་ཟོག་འགྲིམ་འགྲུལ་བྱ་བ་རྙོག་འཛིང་ཡིན་ལ། ཚོང་རྫས་རྫུན་མ་བཙོང་བའི་ཚོང་བདག་གི་མགོ་འཕངས་མཐོ་ལ་མང་ཚོགས་ཀྱིས་ཚོང་རྫས་དག་རྫུན་གྱི་དབྱེ་བ་འབྱེད་དཀའ་བ། ཚོང་རྫས་དག་རྫུན་ལ་དཔྱད་པའི་འདུ་ཤེས་ཀྱི་རྨང་གཞི་ཞན་པ། ཁོང་རང་གི་སེམས་ཀྱི་ཁུར་བོ་སྔར་ལས་ལྕི་ལ་སྐབས་དེར་ཕོ་ཁ་ན་བའི་ཟུག་གཟེར་ཞིག་གིས་ཀྱང་བར་ཆད་གཏོང་གིན་འདུག  ཡིན་ཡང་སྨན་ཁང་དང་བརྟག་དཔྱད་སོགས་ཅི་ཡང་མ་བྱས་པར་ནམ་རྒྱུན་ལས་གྲོགས་ཚོ་དང་མཉམ་དུ་སྲང་མདོའི་ཚོང་ཁང་དག་ལ་སྒོ་ཉུལ་དང་ཚོང་རྫས་དག་མིན་ལ་ལྟ་བའི་བྱ་བ་བསྒྲུབས། ཚོང་རྫས་རྫུན་མས་བྲིན་ལ་བརྟེན་ནས་མང་ཚོགས་ཀྱི་སྐབས་དེའི་ཡོང་འབབ་ལ་གྱོང་གུད་བཟོ་བཞིན་ཡོད་པས། དུས་རྒྱུན་རྙོག་དྲ་ཆེ་བའི་རང་རྫོང་གི་སྲང་མདོ་དག་ན་ཁོ་ཚོས་ནམ་ཞིག་བཟོ་ཚོང་གི་ལས་འདི་དྲང་བདེན་གྱི་ལམ་དུ་བསྐྱོད་ཐུབ་པར་རེ་ཞིང་། མང་ཚོགས་དང་ཚོང་བའི་འདུ་ཤེས་བཅོས་སྒྱུར་གཏོང་བར་ཐབས་ལམ་སྣ་ཚོགས་འཐེན་ནས་བཟོ་ཚོང་བྱ་བའི་མགོ་མཇུག་བར་གསུམ་ལ་ཡང་འབད་པའི་ཤ་སྒྲིམས་མྱོང་ལ་དོན་གྱིས་བློ་ཡང་དཀར་མྱོང་།

                                                   ལས་གྲོགས་མཉམ་པར།

                                    ཁོས་དམངས་ཁྲོད་དུ་ཁྲིམས་ལུགས་སྒྲོག་པའི་རྣམ་པ།

གསུམ་པ།  མི་ལོ་ཉེར་བརྒྱད་རིང་གི་ཁྲིམས་ལུགས་སྒྲོག་བཤད།

 འདས་པོ་ཁོང་གིས་འབྲོག་པ་མང་ཚོགས་ཁྲིམས་ལ་རྨོངས་ནས་རྒྱུ་ནོར་ལ་གོད་ཆག་དང་མི་ཤི་རྟ་འགྱེད་ཀྱི་གྱོད་དོན་མང་དུ་འབྱུང་བཞིན་པ་དང་གཞན་ལོག་ལམ་དང་ཉེས་གསོག་གི་ལམ་དུ་ཞུགས་པའི་རྣམ་པ་མཐོང་ནས། ཞེ་རྩ་སྨྲེང་གིས་ཁེངས་ཏེ་མ་ཤི་བར་དུ་ཐབས་བརྒྱ་ཇུས་སྟོང་གིས་འབྲོག་ཕྱོགས་ཀྱི་ཁྲིམས་ལུགས་འདུ་ཤེས་མཐོ་རུ་གཏོང་བའི་བྱེད་ཐབས་ཤིག་ངང་གིས་འཐེན་དགོས་བསམ་ནས། ཀྱག་ཀྱོག་གི་ལོ་ངོ27རིང་ལ་དམངས་ཁྲིམས་ལག་ལེན་དང་གྱོད་དོན་རྩད་ཞིབ། ཁྲིམས་ལུགས་དྲིལ་སྒྲོག་བཅས་ཀྱི་མགོ་མཇུག་བར་གསུམ་དུ་ཡིད་ནས་བོར་མྱོང་མེད་པ་ནི་ཁྲིམས་ལུགས་ཡིན་ལ། སེམས་ནས་བརྗེད་མྱོང་མེད་པ་ནི་མང་ཚོགས་ཡིན་པས། མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་གོ་རྟོགས་གོང་འཕེལ་དུ་གཏོང་རྒྱུ་ནི་ཁོ་བོའི་དམིགས་ཡུལ་ཀྱང་ཡིན། དེ་བས1992ལོ་ནས་བཟུང་གཡུ་དཀར་འོམ་ལུང་སློབ་ཆུང་དང་ཇོ་སྐོར་སློབ་ཆུང་། མཚོ་སྔོན་པོ་ཞིང་རའི་སློབ་ཆུང་གི་སློབ་ཕྱིའི་ཁྲིམས་ལུགས་མཛུབ་སྟོན་པ་ནས་མགོ་བརྩམས་ཏེ། དམངས་ཁྲིམས་ལ་ཟབ་ཞུགས་དང་ཁོམ་ལོང་ཅུང་ཙམ་ཡོད་ཚེ་ཁྲིམས་ལུགས་སློབ་རར་སྒྲོག་པའི་ལས་ཀ་དེ་མཚམས་ཆད་མ་མྱོང་། སྔ་རྗེས་སུ་རྫོང་ཡོངས་ཀྱི་སློབ་གྲྭ་སོ་སོར་སོང་ནས་ཁྲིམས་ལུགས་ཤེས་བྱ་སྒྲོག་འགྲེལ་གྱི་བྱ་འགུལ་ཐེངས130ལྷག་སྤེལ་ཞིང་། ཉན་མཁན་མི་གྲངས་ཉིས་ཁྲི་བཞི་སྟོང་ལྷག་བརྒལ་བྱུང་། གཞན་ཁོ་རང་གི་འཕྲུལ་རྟ་ཞོན་ནས་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་ཆར་བུ་ཡུག་དང་ཙག་རླུང་ལ་གདོང་གཏད་ནས་དེ་དུས་ཀྱི་ཐབས་ཆག་གི་ཁོར་ཡུག་ཁྲོད་དུ་ཡུལ་ཚོ་གསུམ་གྱི་སྡེ་བ15དང་རུ་ཆུང36གི་ཁྱིམ་ཁ3000ལ་སྒོ་ཉུལ་གྱིས་ཁྲིམས་ལུགས་བཤད་པ་དང་ཁ་ཏ་སློབ་གསོ་ཡང་གང་མང་བྱས་མྱོང་། ཁྲིམས་སྲོལ་དྲིལ་སྒྲོག་ཚོགས་འདུ་ཐེངས200ལྷག་དང་མང་ཚོགས་ལ་ཁྲིམས་ལུགས་ཁྲིམས་སྲོལ་ཐེངས20ལྷག་བསྒྲགས་མྱོང་། ཁོང་གིས་དེ་ལྟར་སྨྲ་ལྕེ་བར་ནས་དམངས་ཁྲིམས་ཤེས་བྱ་བསྒྲགས་པ་དེས་རྐང་ཚའི་རྒན་དར་གཞོན་གསུམ་གྱི་སེམས་སུ་སྔ་ན་མེད་པའི་ཁྲིམས་ཀྱི་བག་ཆགས་མི་ཉུང་བ་ཞིག་བཞག་ཡོད། 2005ལོའི་ཟླ་དྲུག་པར་ཡུལ་ཚོའི་སྲིད་གཞུང་གི་ཉེ་འགྲམ་གྱི་ཁྱིམ་ཚང་ཞིག་ལ་ཆང་འཐུང་འགའ་ཡིས་རྙོག་དྲ་བཟོས་པ་ཡར་ཞུ་བྱས་ལ། དེ་རུ་གྱོད་དོན་རྩད་ཞིབ་ཏུ་སོང་བ་ན་བཙོན་གྲོལ་བྱུང་ནས་ཅུང་འགོར་མེད་པའི་མི་ཞིག་ཡིན་ཞིང་། དེ་ལ་བར་བཀག་ཀྱང་མི་ཁོག་པར་མ་ཟད་ཝུ་ཆང་དམ་བེ་ཞིག་གིས་ཅི་བྱུང་གང་བྱུང་མེད་པར་ཁོའི་གདོང་ལ་གཏད་ནས་བརྒྱབ། དུས་དེ་ནས་བཟུང་ཁོ་བོའི་མིག་ཡ་གཅིག་ཀྱང་ཁྲིམས་སྐྱོང་གི་བྱ་བའི་ཁྲོད་ནས་ལོང་བར་གྱུར་ལ་སྟབས་ལེགས་པ་ཞིག་ལ་མིག་ཡ་གཅིག་གིས་ད་དུང་འཇིག་རྟེན་དཀར་ངོགས་མཐོང་ཐུབ་པས་ཆོག་གི་ཟེར། ཡིན་ཡང་འདི་ལྟ་བུའི་ཆག་འཇིག་གི་ཕམ་ཁ་མྱོང་ནའང་ཁྲིམས་ལུགས་དྲིལ་སྒྲོག་གི་བྱ་བ་དེ་སེམས་ནས་བོར་མྱོང་མེད། ཁོའི་ཁྱིམ་དུ་མི་གྲངས་མང་ལ་དབང་བོ་སྐྱོན་ཅན་གྱི་བུ་མོ་ཞིག་ཀྱང་ཡོད་པས་སྤྱིར་ན་ལས་འཁྱུར་ངལ་གསོ་བྱས་ནས་འདི་དག་གི་ཁ་རྒྱབ་ལྟོ་གོས་ལ་འབད་ནས་བསྡད་ཀྱང་ཆོག་མོད། དེ་ལས་ལྡོག་ཏེ་ཁོ་བོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ནན་ནན་ཏིག་ཏིག་གིས་བསྒྲུབས་པར་མ་ཟད། ངལ་གསོ་བྱས་རྗེས་ཀྱང་མུ་མཐུད་དུ་ཁྲིམས་ལུགས་དྲིལ་སྒྲོག་གི་དོན་བྱ་ཆེ་མ་ཆུང་གསུམ་ཀུན་ལ་ཞུགས་མྱོང་། དེ་ལྟར་སྐྲ་མཐར་སེ་མདའ་ལྷུང་ཞིང་གདོང་ལ་གཉེར་མས་ཁེངས་པའི་འདས་པོ་ཁོ་རང་ལས་འཁྱུར་ངལ་གསོ་བྱས་རྗེས་ཀྱང་རྐང་ཚའི་སློབ་གསོ་སྡེ་ཁག་དང་འཕྲོད་བསྟེན་སྡེ་ཁག་སོགས་ལས་ཁུངས་དུ་མའི་གདན་ཞུའི་ཁྲིམས་ལུགས་དྲིལ་སྒྲོག་པ་དང་ལྷག་པར་རྐང་ཚ་རྫོང་སྤྱི་བདེ་ཅུས་དང་མི་དམངས་ཁྲིམས་ཁང་། ཁྲིམས་འཛིན་ཅུས་སོགས་ཀྱི་གདན་ཞུའི་འདུམ་སྒྲིག་པ་དང་ཁྲིམས་རྩོད་པ་ཡིན་ལ་ག་ས་གང་དུ་ཁྲིམས་ལུགས་དྲིལ་སྒྲོག་གི་ལས་ལ་འབད་ནས་མི་ཚེ་རྫོགས།

                                              ལས་ཁུངས་དག་གི་གདན་ཞུའི་ཡི་གེའི་སྐོར།

                                  བྱ་བའི་གྲུབ་འབྲས་ལ་གནང་བའི་གཟི་བརྗིད་དཔང་ཡིག

        འདི་ལྟར་ལོ་ངོ་ཉེར་བདུན་གྱི་རིང་ལ་དཀའ་ཚེགས་དང་འབད་འབུངས། སྡུག་རུས་གང་མང་གིས་རྒྱལ་ཕམ་མང་པོ་ཞིག་ལོ་ཟླའི་རྒྱུན་བསྐྱངས་མཐར། 2000ལོར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ཨུ་ཡོན་ལྷན་ཚོགས་ནས་ཁོང་ལ་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྔོན་ཐོན་ཅན་གྱི་མཚན་སྙན་གནང་། 2003ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ་ནས་མི་སྒེར་གྱི་རིམ་པ་གསུམ་པའི་བྱས་རྗེས་ཅན་གྱི་བྱ་དགའ་གནང་། 2011ལོར་ཁུལ་དང་རྫོང་རིམ་པའི་ཁྲིམས་ལྟར་ཁྲིམས་སྐྱོང་གི་དཔེ་བཟང་མི་སྣར་བདམས། 2016ལོར་རྐང་ཚ་རྫོང་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ཨུ་ཡོན་ཕུལ་བྱུང་ཅན་དུ་བདམས། 2018ལོའི་ཟླ12པར་རྐང་ཚ་རྫོང་གི་སྐབས་གཉིས་པའི་རྐང་ཚའི་སེམས་འགུལ་ཐེབས་པའི་མི་སྣར་བདམས་པ་སོགས་མི་ཚེའི་རྒྱལ་ཁ་དང་གྲུབ་འབྲས་རེ་རེ་དང་དུ་བླངས།

བཞི་བ། བདེན་པའི་གཏམ་ལས་ཁྲིམས་ཀྱི་ངོ་བོ་གླེང་།། དམངས་སེམས་གཡོ་བའི་རྣམ་ཤེས་གངས་ལ་གཏིམས།།

དམངས་སྒྲུབ་དགེ་རྒན་དཀྱུས་མ་ཞིག་གི་མཚན་བྱང་ཁུར་ཏེ་རིམ་གྱིས་དམངས་ཁྲིམས་ལ་ལག་ལེན་དང་སློབ་སྦྱོང་བྱས་ནས་སྤྱི་བདེ་ལས་གནས་ཀྱི་ལས་དོན་གང་མང་ཞིག་རྒྱབ་ཏུ་ཁུར་ནས་ཚེ་ཡི་འཕེན་པ་རྫོགས། དེ་དུས་ཀྱི་རྐང་ཚའི་འཚོ་བའི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ནས་ད་སྐབས་དང་བསྡུར་ཐབས་བྲལ་ལ། མང་ཚོགས་ཀྱི་སློབ་གསོའི་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ཞན་པས་ལྗིད་ཏིག་ཏིག་གི་འགན་འཁྲི་ཞིག་ཕྲག་ཏུ་འཁུར་དགོས་པ་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན།  ཁོང་འབྲོག་པ་ཤ་སྟག་ཅིག་ཡིན་པའི་ཆ་ནས་འབྲོག་ཕྱོགས་ལ་རྒྱུས་མངའ་ཆེན་པོ་ཡོད། ལོ་མང་ལ་ཁྲིམས་ལུགས་དྲིལ་སྒྲོག་དང་བྱ་བའི་ཉམས་མྱོང་ལས་བསགས་པའི་ཁྲིམས་ལུགས་ཤེས་བྱའི་འབྲས་བུ་འདི་དག་སྔར་བཞིན་ཡུལ་མི་ཚོའི་ཆེད་དུ་འབུལ་འདོད་པའི་འདུན་མ་དྲག་པོ་ཞིག་གིས་མགོ་བརྩམས་ཏེ། ད་ལྟའི་བར་ཕན་ཆེ་ཐོགས་ཆུང་ཐོགས་ཀྱི་བརྒྱུད་རིམ་ཞིག་བརྒྱུད་ནས་ལོ་ན66ལ་སོན། 2019ལོའི་ཟླ་དང་པོར་རྐང་ཚའི་མི་སེམས་སྒུལ་བའི་མི་སྣ་གྲགས་ཅན་དུ་བདམས་པའི་གཡུར་ཟའི་འབྲས་བུ་རང་ཐོག་ལ་སྨིན་པ་དེ་ནི་ཁོང་གིས་རང་ཉིད་ཀྱིས་མི་ཡུལ་དུ་བཞག་པའི་ལེགས་སྐྱེས་ཤིག་ཏུ་བསམ་བཞིན། ལོ་དེའི་དབྱར་ཟླ་དྲུག་པར་ཁོང་གིས་རྐང་ཚའི་འབྲོག་པ་མང་ཚོགས་ཀྱི་ཁྲིམས་ལུགས་འདུ་ཤེས་སྔར་བས་ཇེ་མཐོར་སོང་ཡོད་པ་ཚོར་བ་ལྟར་བློ་བདེ་བག་ཕེབས་ཀྱིས་དམིགས་ཡུལ་གཞན་ཞིག་བསྙེགས་ནས་ཚེ་ཡི་འཕེན་པ་རྫོགས།