མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་མི་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བཞི་དང་སྟོང་དྲུག་གི་བཏུང་ཆུའི་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་བཏང་།
2020.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས2019ལོའི་བར། ཞིང་ཆེན་ཡོངས་ཀྱི་ཞིང་སྡེ་འབྲོག་ཁུལ་གྱི་བཏུང་ཆུའི་བདེ་འཇགས་སྲ་བརྟན་དང་མཐོར་འདེགས་བཟོ་སྐྲུན་ཐད་ནས་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བདུན་བཏང་སྟེ། མི་ས་ཡ་གཉིས་དང་འབུམ་གསུམ་ཁྲི་བཞི་སྟོང་དྲུག་དང་དབུལ་ཕོངས་མི་གྲངས་འབུམ་གསུམ་སྟོང་གཅིག་བཞི་བརྒྱ་ལ་ཕན་བཏགས་པ་དང་། རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་བཏུང་ཆུ་འགན་སྲུང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ལས་གཞི་ལག་བསྟར་ཐད་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་བཞི་ས་ཡ་གཉིས་བཏང་བ་དང་། དེའི་ཁྲོད་ཀྲུང་དབྱང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་གསུམ་དང་ས་ཡ་གསུམ་དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་ས་ཡ་དགུ་ཡོད་ལ། འཛུགས་སྐྲུན་མ་དངུལ་ཡོངས་རྫོགས་ཀྲུང་དབྱང་དང་ཞིང་ཆེན་རིམ་པས་གཏོང་བ་མངོན་འགྱུར་བྱས། མི་ས་ཡ་གཅིག་དང་ཁྲི་གསུམ་སྟོང་གཅིག་གི་བཏུང་ཆུ་བདེ་འཇགས་ཆུ་ཚད་སྲ་བརྟན་དང་མཐོར་འདེགས་བཏང་བ་དང་། དེའི་ཁྲོད་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཁྲི་གཉིས་དང་སྟོང་གཅིག་བརྒྱ་ཡོད་ལ། ཧ་ཅང་དབུལ་ཕོངས་ཡིན་པའི་མི་གྲངས་ཀྱི་བཏུང་ཆུའི་བདེ་འཇགས་ཐད་ཀྱི་དམིགས་འབེན་མངོན་འགྱུར་བྱས་པ་དང་། ལོ་ཧྲིལ་བོའི་འཛུགས་སྐྲུན་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་པ་དང་། ཞིང་སྡེའི་གཅིག་བསྡུས་ཆུ་འདོན་ཚད་དང་རང་འབབ་ཆུའི་ཁྱབ་གདལ་ཚད། ཆུ་འདོན་འགན་སྲུང་ཚད། ཆུ་སྤུས་བཅས་ཐད་ཀྱི་སྔོན་རྩིས་སོ་སོར་བརྒྱ་ཆའི་བརྒྱད་ཅུ་དང་བརྒྱ་ཆའི་བདུན་ཅུ། བརྒྱ་ཆའི་གོ་གཉིས། བརྒྱ་ཆའི་བདུན་ཅུ་ལྷག་གི་ཡན་ལ་སླེབས།

དེ་ལས་གཞན། ས་ཆ་སོ་སོས་ཁ་གཏད་རོགས་སྐྱོར་འཛུགས་སྐྲུན་དང་ཤར་ནུབ་རྒྱུད་མཉམ་ལས། དབུལ་སྐྱོར་མ་དངུལ་དང་རྫོང་ནོར་སྲིད་མ་དངུལ་སོགས་བྱེད་ཐབས་བརྒྱུད་དེ། རིགས་གཞན་པའི་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་བཞི་བཀོད་སྒྲིག་བྱས་པ་དང་། བཏུང་ཆུ་འཛུགས་སྐྲུན་གྲུབ་འབྲས་སྔར་ལས་སྲ་བརྟན་དང་མཐོར་འདེགས་བཏང་ལ། མི་འབུམ་དྲུག་དང་ཁྲིད་བཞི་སྟོང་བཞི་ལ་ཕན་བཏགས།

རིན་ཆེན་མཚོས་བསྒྱུར།